ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་བརྟག་ཞིབ་གནང་བ།
ཚེས་5ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཕེབས་ནས་གྲོང་གསེབ་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས། དགོན་སྡེ་དོ་དམ། “འདུ་ཤེས་གསུམ”གྱི་སློབ་གསོ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་གནད་དོན་དག་ཐེར་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གཞོང་པ་ལྷ་ཆུར་དགོན་སྡེ་དོ་དམ་དང“འདུ་ཤེས་གསུམ”གྱི་སློབ་གསོའི་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་ངང་གསན་ཞིང་། ཁོང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་ནུས་པ་གང་ལེགས་བཏོན་ནས“འདུ་ཤེས་གསུམ” གྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་བཏང་ནས། བོད་བརྒྱུད་ནང་བསྟན་སྔར་བས་རྒྱུན་འཛིན་དང་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། དགོན་སྡེའི་གྲྭ་བཙུན་གྱི་དཀའ་ངལ་སེམས་ནུས་ཡོད་རྒུས་བསལ་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་ཚད་ཡོད་ཀུང་སི་ནི་རང་ལྗོངས་ཀྱི་མཐོ་གསར་ལག་རྩལ་གྱི་ཁེ་ལས་ཤིག་ཡིན་པ་དང་། མིག་སྔར་བོད་སྨན་ཐོན་རྫས་སྣ་ཁ་100ལྷག་ཙམ་ཐོན་སྐྱེད་བྱས་ནས་འཚོང་བཞིན་ཡོད། ཡན་ཅིན་ཧའེ་ཀུང་སིའི་བོད་ལུགས་གསོ་རིག་སྒོ་བསྟེན་སྨན་ཁང་དུ་ཕེབས་ནས་བོད་ལུགས་གསོ་རིག་སྨན་པ་དང་ནད་པར་བྱམས་བརྩེའི་བཀའ་མོལ་གནང་སྟེ། ནད་པའི་སྨན་བཅོས་གནས་ཚུལ་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཀྱི་བརྒྱུད་རིམ་མཁྱེན་རྟོགས་གནང་ཡོད་ལ། ཀུང་སིའི་ཐོན་རྫས་འགྲེམས་ཁང་དང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་བོད་ལུགས་གསོ་རིག་དང་སྨན་རྫས་འཕེལ་རྒྱས་གནས་ཚུལ་དང་ཐོན་སྐྱེད་བརྒྱུད་རིམ་ལའང་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། བོད་སྨན་སྨན་རྒྱུ་ཐོན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་སྨན་སྨན་རྒྱུ་སྐྱེ་ཁམས་འདེབས་འཛུགས་དང་། རི་སྐྱེས་སྨན་རྩྭ་འདེབས་གསོ་དང་སྐྱེ་དངོས་དཔེ་འགྲེའི་འདེབས་གསོ་བཅས་ཁྱབ་གདལ་བཏང་སྟེ་བོད་སྨན་སྨན་རྒྱུ་མཁོ་སྤྲོད་ལ་འགན་ལེན་བྱེད་དགོས་པ་དང་། ལག་རྩལ་སྒྱུར་བཀོད་དང་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ཁྱད་ལྡན་བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། སྤུས་རྟགས་འཛུགས་སྐྱོང་དང་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་གཉིས་བཀུར་སྤྱི་གླིང(གདོང་དཀར་སྡེ་ཁུལ་གླིང་ཆུང་སྒང་སྐྱེ་ཁམས་སྤྱི་གླིང)ལ་རྒྱ་ཁྱོན་མུའུ་100ཟིན་པ་དང་། དེ་ནི་ཉེ་འཁོར་གྱི་གྲོང་མི་སྤྲོ་གསེང་ལ་འགྲོ་སའི་སྤྱི་པའི་སྤང་གཞོང་སྐྱིད་པོ་ཞིག་ཡིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲད་པའི་གནད་དོན་ལ་དམིགས་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱིས་དག་ཐེར་ནན་པོ་ཧུར་ཐག་བྱས་པས་སྤྱི་གླིང་གི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཡན་ཅིན་ཧའེ་སྤྱི་གླིང་དུ་ཕེབས་སྐབས་ས་ཡུལ་དངོས་སུ་དག་ཐེར་བྱས་ཚུལ་ལ་གཟིགས་ཤིང་། ཁོང་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲད་པའི་གནད་དོན་དག་ཐེར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་པ་དང་། རང་བྱུང་ས་ཁམས་དང་གནམ་གཤིས་ཀྱི་ཆ་རྐྱེན་དང་། རྩི་ཤིང་སྐྱེ་འཚར་གྱི་ཆོས་ཉིད། འཚོ་བ་དང་ཐོན་སྐྱེད་སྐྱེ་ཁམས་ཀྱི་དགོས་མཁོ་བཅས་ལ་གཞིགས་ནས་སྔོ་འགྱུར་རྩི་ཤིང་རིགས་གདམ་ག་ལུགས་མཐུན་བྱས་ཏེ་སྔོ་ལྗང་ཁེབས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། སྤྱི་གླིང་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལས་ཞུགས་མི་སྣར་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞབས་ཞུའི་ཆུ་ཚད་དང་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།