ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།
ཚེས་5ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ཐད་ཞིབ་འཇུག་ཀྱང་བྱས་པ་རེད།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་འབྲེལ་ཡོད་བློ་མཐུན་གྱིས་གྲོང་ཁྱེར་ལས་དོན་ལ་དམིགས་ནས་ཟུར་ཁྲིད་སྙན་ཞུ་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་བསྟན་དོན། གྲོང་ཁྱེར་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་གཞི་རྟེན་གལ་ཆེན་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་བར་མཐོངས་གལ་ཆེན་ཡིན་པས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས” མཐའ་གཅིག་ཏུ་ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་ཕྲ་ལེན་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ་བཅས་བྱས་ནས། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་འཛིན་པ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། གྲོང་ཁྱེར་ནང་རྒྱས་ཀྱི་གོང་འཕེལ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་བའི་བཅས་བྱས་ཐོག་དམིགས་ཚད་དང་བླང་བྱར་དམིགས་པ་དང་། གོ་སྐབས་རྩ་ཆེན་ལ་དམ་འཛིན། ལས་འགན་གཙོ་བོར་དམ་འཛིན། ཡུལ་བབ་དང་བསྟུན་པ། རིགས་དབྱེ་ཁྲིད་སྟོན་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ནང་རྒྱས་རྣམ་པ་དང་། ཞིབ་ལས་ཅན། ལྗང་མདོག་ཅན་བཅས་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་བཙུགས་ནས་གོང་འོག་མཐུན་སྦྱོར་དང་། ཁོངས་ཁུལ་མཉམ་འགུལ། ཁུལ་ཡོངས་ཤུགས་འདོན་བཅས་མཐའ་འཁྱོངས་བྱས་ཐོག་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་བྱས་ཏེ། གྲོང་ཁྱེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་བློ་ཡིད་ཚིམ་པ་དེ་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞིར་བརྩིས་ནས། གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་དགོས།
ཀརྨ་ཚེ་བརྟན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་དགོངས་པ་གཏིང་ཟབ་པས། ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་རྟོགས་ངང་བོད་ཀྱི་ལས་དོན་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་དང“ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་སྐུལ་འདེད་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ་དང་བདེ་རྩ་ཆེ་རུ་གཏོང་བ། ཉེན་ཁ་སྔོན་འགོག་དང་མཐའ་ཚད་སྲུང་བ་བཅས་བྱེད་པ་དང་འབྲེལ། དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པ། ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པ་བཅས་ཀྱི་ཐད་ལ་ཤུགས་བརྒྱབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས།
འབྲེལ་ཡོད་གསར་འགྱུར།