ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
● ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས་རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་འཁུར་བ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག 2025ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་། དུས་མཚམས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པ་ཁ་གསལ་བཏོན་གནང་ཡོད། “ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ”དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནང་བཅུག་ནས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཐོག “འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱས་ཏེ། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བོད་ཀྱི་སྐྱེ་ཁམས་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་དང་། དམིགས་ཚད་དང་ལས་འགན་གསལ་འགྲེལ་གཏིང་ཟབ་གནང་ནས། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ལ་བརྩིས་ནས་བསམ་གཞིག་དང་ཇུས་འགོད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚོགས་ཆེན་འཚོགས་པ་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མང་པོ་བཏོན་པས། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་རྒྱུན་ཆད་མེད་པར་དོན་འཁྱོལ་བྱུང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་པ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་བཞིན་བརྟན་དུ་ཕྱིན་ཡོད། ད་ཆའི་བོད་དུ་ནམ་མཁའ་དེ་བས་སྔོ་བ་དང་། ས་གཞི་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ། མི་དམངས་མང་ཚོགས་ཀྱི་ལས་ཀ་དང་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་ལས་བྱུང་བའི་སྐྱིད་སྣང་དང་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་དེ་རིམ་བཞིན་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདུ་ཤེས་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད།
ཝང་ཅུན་ཀྲེང་གིས་བསྟན་དོན། བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་གནད་དོན་དག་ཐེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ་དང་། བོད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་ལེན་བསྟར་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་སྒྲུབ་པ་བཅས་ཕྱོགས་ཡོངས་ཀྱི་ཆབ་སྲིད་ཀྱི་དག་བཤེར་ཞིག་ལ་བརྩིས་ནས་རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་ཟམ་མི་ཆད་པར་ཡོང་བར་སྐུལ་འདེད་གཏོང་དགོས། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། བོད་ཀྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་པ་དང་འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ཡིན་ལ་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་གལ་ཆེན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་ཏན་ཏིག་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ལྗང་མདོག་འཕེལ་རྒྱས་ཀྱི་བླང་བྱ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ། གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་འཛུགས་སྐྱོང་ཐོན་ལས་ཅན་དང་འཕེལ་རྒྱས་སྐྱེ་ཁམས་ཅན་ལ་མཉམ་དུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས། ཐཱན་འདུས་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་ཡངས་སུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་སྐྱེ་ཁམས་ཀྱི་བདེ་རྩས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་མཚོན་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། འཕྲལ་མཁོ། རེ་སྒུག་བཅས་ལ་ཨ་ལན་སློག་པ། ཡོངས་ཁྱབ་རང་བཞིན་དང་། མ་ལག་རང་བཞིན། དེ་བཞིན་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བ་བཅས་ཀྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ནས་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་དང་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་ལ་ནུས་ཤུགས་ཡོད་རྒུས་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་དང་། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཞན་ཆ་སེལ་བ། བརྒྱུད་རིམ་ལྡན་པའི་འདུ་ཤེས་ཀྱི་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་མཐའ་འཁྱོངས། བསྒྲུབ་རྒྱུར་སྤྲད་པའི་ལས་དོན་ཁྲོད་ནས་དྲན་སྐུལ་དང་བསམ་གཞིག་བྱེད་པ་དང་བསླབ་བྱ་ལེན་པ། གཅིག་ཤེས་ཀུན་གྲོལ་ངང་བརྒྱུད་རིམ་རང་བཞིན་དང་ཁུངས་འདེད་རང་བཞིན་གྱི་གྲལ་བཤེར་བཅོས་སྒྲིག དག་ཐེར་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ། སྤུས་ཚད་མཐོ་པོ་དང་ལས་ཕྱོད་ཆེན་པོས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། རྩ་ལག་མཉམ་བཅོས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མངོན་སུམ་གྱི་ཤེས་པ་དེ་རྗེས་དཔག་གི་ཤེས་པར་འགྱུར་བ། སྤྱོད་གོ་ཆོད་པའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་གཏན་འཇགས་བྱེད་པ། སྤྱི་དམངས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ནུས་པ་འདོན་པ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྐྱེ་ཁམས་ལ་གཅེས་སྤྲས་དང་ཁོར་ཡུག་སྲུང་སྐྱོང་བྱེད་པ་དེ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ལག་ལེན་ཡག་པོ་བསྟར་བ་དང་། ལག་ལེན་ཡག་པོ་བསྟར་མཁན་ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད། འགན་འཁྲི་ལག་བསྟར་ཡག་པོ་མ་བྱས་པའི་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་རིམ་ཁག་ལས་བྱེད་པས་ལས་དོན་ཏན་ཏིག་སྒྲུབ་པ་དང་མདུན་གྲལ་དུ་བསྐྱོད་པར་ཁྲིད་སྟོན། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།