རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཚེས་4ཉིན་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ།“རིག་གནས་ཀྱིས་དམངས་ལ་ཕན་འདོགས་པ་མཐའ་འཁྱོངས་ཀྱིས། སྤྱི་པའི་རིག་གནས་ཞབས་ཞུ་ལག་ལེན་བསྟར་ནས་སྤུས་འབྲས་ལེགས་གཉེར་ཡོང་བར”དམིགས་ནས་ཐབས་འདོན་ཇུས་འདོན་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡུས་ཡུན་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག སྤྱི་པའི་རིག་གནས་ཞབས་ཞུ་འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་རྒྱུ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ནང་གནས་བླང་བྱ་རེད། དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ལས་ཀའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་སྤྱི་པའི་རིག་གནས་ཞབས་འདེགས་ཡག་པོ་ཞུ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་ཐུབ་པར་བྱེད་དགོས་པ་དང་། གནད་དོན་ཕྱོགས་སྟོན་དང་དམིགས་ཚད་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ། གཡུལ་སའི་ཐོན་ཁུངས་ཀྱི་ཕན་པ་ཐོན་ཐབས་བྱེད་པ། མཁོ་སྤྲོད་སྙོམས་སྒྲིག་ལེགས་འགྱུར་བཅས་བྱས་ནས་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་རིག་གནས་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་སེལ་བ་དང་། དེང་རབས་ཀྱི་རིག་གནས་བརྒྱུད་སྤེལ་མ་ལག་ཧུར་ཐག་འཛུགས་པ། མང་ཚོགས་རང་བཞིན་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། མི་སེར་གྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་གསར་རྩོམ་བཅས་བྱས་ནས། སྤྱི་པའི་རིག་གནས་ཞབས་ཞུ་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།