དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-05

    ● 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

    ཟླ་6ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    སློབ་སྦྱོང་ཚོགས་འདུར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》དང་།《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་སྲོལ་ཡིག》《ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་ཕྱོགས་བསྡུས་གདེང་འཇོག་དཔྱད་ཞིབ་བྱ་ཐབས》སོགས་ལ་དམིགས་ནས་ཆེད་དོན་སློབ་སྦྱོང་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་པུའི་འབྲེལ་ཡོད་བློ་མཐུན་གྱིས་ཟུར་ཁྲིད་སྙན་ཞུ་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་བརྒྱུད། ཁྲིམས་གཞུང་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་། ལམ་ལུགས། ལག་ལེན་གྱི་གྲུབ་འབྲས་བཅས་ཁྲིམས་གཞུང་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་པ་དེ་ནི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཡིན་ཞིང་། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྔར་བས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དེང་རབས་ཅན་ལ་འགྱུར་བར་སྐུལ་འདེད་མྱུར་པོ་གཏོང་བ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་བཅས་ཀྱི་ཐད་ཟབ་ཅིང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པས། རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ཚང་མ་སྐྱེ་ཁམས་ལ་གནས་ཡོད། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སློབ་སྦྱོང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སློབ་སྦྱོང་ལག་བསྟར་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས། དེ་བཞིན་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་བཅས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་ལ་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་བྱ་རྒྱུར་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་མུ་མཐུད་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཙོ་བོར་བྱས་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱི་ཁོར་ཡུག་ཁེ་དབང་ལ་ཁྲིམས་ལྟར་འགན་སྲུང་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ཡག་པོ་ནི་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཡིན་པ་མཐའ་འཁྱོངས་དང་གནད་ལ་འཁེལ་པོས་སྦགས་བཙོག་བཅོས་སྐྱོང་དང་། ཚན་རིག་དང་མཐུན་པའི་ངང་སྦགས་བཙོག་བཅོས་སྐྱོང་། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བཅས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་པ་དང་། ཁྲིམས་འཛིན་ལྟ་འདོམས་ནན་པོ་དང་ཉེན་ཁ་འགོག་ཟོན་ནན་པོ་ཐུབ་པར་བྱེད་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས་གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས། མང་ཚོགས་དང་གཞི་རིམ་དུ་ཁྲིམས་གཞུང་ཁྱབ་གདལ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་འགན་དབང་ཁྲིམས་ཀྱིས་གཏན་འཁེལ་བྱེད་པ་དང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ངེས་པར་དུ་སྒྲུབ་པ། ཁྲིམས་ཀྱི་དབང་བསྐུར་མེད་ན་བྱེད་མི་རུང་བ་སོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་པ་དང་ཁྲིམས་ལྟར་སྲིད་འཛིན་པའི་འདུ་ཤེས་ཟབ་ཏུ་བཏང་ནས། ཁྲིམས་སྐྱོང་ཁྲོད་གནད་དོན་ལ་བསམ་གཞིག་བྱེད་པ་དང་། ཐབས་ཇུས་འགོད་པ། བྱ་བ་སྒྲུབ་པ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ཏེ། ཁྱོན་ཡོངས་ལ་ཁྱབ་པ་དང་། འགན་དབང་གཅིག་མཚུངས། བྱ་དགའ་དང་ཆད་གཅོད་ཁ་གསལ། གཅིག་ལ་གཅིག་འབྲེལ་བཅས་ཀྱི་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྡེ་ཚན་གྱིས་མཐུན་སྦྱོར་བྱེད་པ། ཁེ་ལས་ཀྱིས་འགན་འཁྲི་གཙོ་བོ་འཁུར་བ། སྤྱི་དམངས་ཞུགས་པ། ཕྱོགས་མང་གིས་ལྟ་སྐུལ་བྱེད་པ། ཁྲིམས་འཛིན་འགན་ལེན་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྣ་མང་ཅན་གྱི་བཀོད་པ་འཛུགས་དགོས། ལེ་ལག་ཚང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་འཛིན་ཁྲིམས་སྲོལ་དང་། སྡེ་ཚན་གྱི་སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་ལེ་ལག་ཚང་བའི་ལམ་ལུགས་འཛུགས་པར་སྐུལ་འདེད་མྱུར་པོ་བཏང་ནས་ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བསམ་བློའི་བཞུན་བརྡར་དང་། ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ལས་བྱེད་པའི་དཔུང་ཁག་ཁྲིམས་སྐྱོང་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་རྒྱུན་མཐུད་བྱེད་པ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཐོག་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།