ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་སློབ་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ།
ཚེས་2ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་སློབ་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་བརྩེ་བ་ཆེན་པོས་ཡག་པོ་གཉེར་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་མཁན་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་རྨང་གཞི་ཡིན། ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པ་དང་ལྷ་ས་སློབ་འབྲིང་དུ་ཕེབས་སྐབས། ཀརྨ་ཚེ་བརྟན་གྱིས། སློབ་ཁྲིད་གནས་ཚུལ་སྐོར་གྱི་ངོ་སྤྲོད་གསན་པ་དང་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ཁ་གཏད་བོད་སྐྱོར་གྱི་ལེགས་ཆ་གང་ལེགས་འདོན་པ། ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ས་ཁོངས། སློབ་གྲྭ་བཅས་དབར་གྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་པ་བྱེད་དགོས་པ་དང་། རྨང་གཞིའི་སློབ་གསོའི་གཞི་རྩ་བརྟན་དུ་གཏོང་བ་དང་སློབ་གསོའི་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པར་སྤྱི་འདོམས་བྱས་ཏེ། རིག་ནུས་དུས་རབས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་རིག་ནུས་ལག་རྩལ་དང་སློབ་གསོའི་བདག་རྐྱེན་གཙོ་བོ་ཚང་མ་མཉམ་འདྲེས་དང་། བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། རྣམ་པ་ཧྲིལ་པོར་ཁྱབ་པ་བཅས་ལ་སྐུལ་འདེད་བཏང་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། སློབ་གྲྭའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།
2026ལོའི་མཐོ་རྒྱུགས་འཆར་ཉེའི་མཚམས་འདིར། ཀརྨ་ཚེ་བརྟན་གྱིས་རྒྱུགས་གནས་བཀོད་སྒྲིག་དང་། ཞབས་ཞུ་འགན་ལེན། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། མཐོ་རྒྱུགས་ནི་རྒྱ་ཆེའི་སློབ་མ་ཚོའི་མདུན་ལམ་དང་ལས་དབང་དང་འབྲེལ་བ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོས་རེ་བ་ཆེན་པོ་འཆང་ཡུལ་ཞིག་ཡིན། འགན་འཁྲི་ནན་དུ་ཏན་ཏིག་བཏང་ནས་ཚད་གཞི་མཐོ་ཤོས་དང་། བླང་བྱ་ནན་ཤོས། བྱ་ཐབས་ཏན་ཏིག་བཅས་ཀྱི་ཐོག་ནས་ཞབས་ཞུ་འགན་སྲུང་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། མཐོ་རྒྱུགས་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་མ་ཟད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚོར་རང་གིས་རང་ལ་ཡིད་ཆེས་དང་སྤྲོ་སྣང་དོད་པོ་དང་སེམས་བག་ཡངས་པོས་ཡིག་རྒྱུགས་ནང་ཞུགས་ཏེ་གཡུར་ཟའི་སྦྱངས་འབྲས་ཐོབ་པ་དང་རང་གི་ཡིད་སྨོན་བྱ་ཡུལ་སློབ་གྲྭ་ཞིག་ཏུ་རྒྱུགས་འཕྲོད་པའི་སྨོན་འདུན་ཡང་ཞུས་གནང་བ་རེད།
ལས་རིགས་སློབ་གསོ་དེ་ཉིད་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ལ་དོན་སྙིང་ཆེན་པོ་ལྡན་ཡོད། ཀརྨ་ཚེ་བརྟན་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་ཕེབས་ནས་དངོས་སྦྱོང་འཁོར་ཁང་དང་གཙོ་གནད་ཚོད་ལྟ་ཁང་དུ་བསྐྱོད་དེ་དགེ་སློབ་ཚོ་དང་སྤེལ་རེས་གཏིང་ཟབ་གནང་བ་མ་ཟད། སློབ་གསོ་ཚན་ཞིབ་དང་སློབ་མའི་ལས་ཞུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་ཁྱད་ལྡན་འཕེལ་རྒྱས་བཏང་སྟེ། ཚན་རྩལ་གསར་གཏོད་དང་ཉེར་སྤྱོད་རྣམ་པ་གསར་གཏོད་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྣང་ཆེན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས་པ་དང་། ཁྲོམ་ར་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཆེད་ལས་བཀོད་སྒྲིག་སྐབས་བསྟུན་ལེགས་སྒྲིག ཐོན་སློབ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་བྱས་ཏེ། སློབ་གསོ་གསོ་སྦྱོང་དང་ལས་གནས་ཀྱི་དགོས་མཁོ་འབྲེལ་མཐུད་གནད་འཁེལ་ཡོང་བར་སྐུལ་འདེད་གཏོང་དགོས། ལས་ཞུགས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་ལ་མཛུབ་ཁྲིད་དང་། ཁེ་དབང་འགན་སྲུང་། དཀའ་ངལ་ཡོད་མཁན་ལ་རོགས་སྐྱོར། རྩལ་ནུས་མཐོར་གཏོང་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།