ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་བ།
● ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་རང་འགན་གཙང་སྒྲུབ་ཀྱིས་ལས་དོན་ཡག་པོ་བསྒྲུབས་ཏེ་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་ཧུར་ཐག་བྱེད་དགོས།
ཟླ་6ཚེས་2ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས། ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། རང་འགན་གཙང་སྒྲུབ་ཀྱིས་ལས་དོན་ཡག་པོ་བསྒྲུབས་ཏེ། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་བླང་བྱ་མཐའ་འཁྱོངས་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ། སྤྱོད་ཡོན་གཉིས་ལྡན་དང་། ཕྱོགས་བཞི་མཚམས་བརྒྱད། གཞུང་དྲང་ཚུལ་མཐུན་བཅས་མཐའ་འཁྱོངས་བྱེད་པ། ལག་ལེན་ཁྲོད་ལས་བྱེད་པ་ཕུལ་བྱུང་ཁག་གཅིག་ཤེས་རྟོགས་དང་། གསོ་སྐྱོང་། འདེམས་སྒྲུག བཀོལ་སྤྱོད་བཅས་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་པ་བཅས་བྱས་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་བློ་སེམས་གཅིག་མཐུན་དང་ངར་ཤུགས་ཆེན་པོས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་འགོ་འཛུགས་ས་གསར་པར་གནས་ཡོད། དེར་བརྟེན་རྒྱ་ཆེའི་ལས་བྱེད་པས་བློ་རྩེ་གཅིག་སྒྲིམ་གྱིས་ལས་སྒྲུབ་ལས་གཏོད་བྱས་ནས“དོན་ཆེན་བཞི”དོན་འཁྱོལ་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། དོན་སྙིང་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་གང་ཐུབ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། དེ་བཞིན་2025ལོའི་ཟླ་8པར་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སྣེ་ཁྲིད་ནས་དྲིལ་བསྒྲགས་བཅས་བྱས་ཏེ། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་ཀྱི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་གྱི་འཐབ་ས་དང་པོ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཁོངས་གཏོགས་དེ་ག་བཅས་ཀྱི་ལས་དོན་ལྗོངས་ཡོངས་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་། ཇུས་འགོད། ཞིབ་འཇུག སྐུལ་འདེད་བཅས་གཏོང་བ་དང་། “འཛུགས་གཏོད་བཞིའི”ཁྲོད་རང་ངོས་ལས་དོན་གྱི་འགན་འཁྲིའི་ངེས་གནས་ཡང་དག་བཙལ་ཏེ་ཡུལ་ཕྱོགས་གཅིག་ལ་གཟི་བརྗིད་བརྩོན་ལེན་བྱེད་དགོས་པ་མ་ཟད་སྤྱི་ཡོངས་ལ་དེ་བས་བཀྲག་མདངས་སྣོན་དགོས། འཇོན་ཐང་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་དུས་བབ་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པར་བྱེད་པ་དང་། ལས་གནས་ཀྱི་འགན་འཁྲིར་མཁོ་བའི་ཆེད་ལས་ཀྱི་ཤེས་བྱ་སྣ་ཚོགས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ། སློབ་དེབ་ནས་སྦྱོང་བ་དང་། ལག་ལེན་ནས་སྦྱོང་བ། གཞི་རིམ་ནས་སྦྱོང་བ། ལས་རོགས་ནས་སྦྱོང་བ་བཅས་བྱེད་པ། ཆབ་སྲིད་ཀྱི་ནུས་པ་དང་། སློབ་སྦྱོང་གི་ནུས་པ། བསམ་གཞིག་གི་ནུས་པ། སྤྱི་འདོམས་ཀྱི་ནུས་པ་བཅས་ཆེ་རུ་ཏན་ཏིག་གཏོང་བའི་ཐད་ཤུགས་རྒྱག་པ་བཅས་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་དང་ལྷག་བསམ་ཆེད་ལས་ཧུར་ཐག་བྱེད་དགོས། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ་དང་། འགན་འཁྲིའི་འགན་ནུས་ལ་གཞི་ཚུགས་པ་དང་གང་ཞིག་སྒྲུབ་དགོས་པ་གསལ་པོ་ཤེས་པ། ལས་ཀའི་བསམ་ཕྱོགས་གསལ་བཟོ་དང་ཇི་ལྟར་སྒྲུབ་དགོས་མིན་ཤེས་པ། ཚན་རིག་དང་མཐུན་པའི་བྱེད་ཐབས་ཁོང་དུ་ཆུད་པ་དང་ཇི་ལྟར་བྱས་ནས་ཡག་པོ་སྒྲུབ་དགོས་མིན་གསལ་པོ་ཤེས་པ། སྲོལ་རྒྱུན་གྱི་བསམ་གཞིག་གོམས་སྟོབས་དང་ཐབས་ལམ་ལ་བརྟེན་དྲགས་པ་འདོར་ཕོད་པ། མཁོ་ཆེ་སར་དངོས་འབྲེལ་སྒྲུབ་པ་དང་ཕན་འབྲས་ཐོན་པ་བཅས་བྱས་ནས་རང་འཁྲིའི་ལས་ཀའི་བྱང་གོམས་ཅན་དུ་འགྱུར་བར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་དགོས། སྤྱི་དོན་དུ་ཏང་འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས་ཁེ་གྲགས་དོན་དུ་མི་གཉེར་བ་དང་། སྤྱི་སེམས་ལས་སྒེར་སེམས་མེད་པ། ཐོག་མཐའ་བར་གསུམ་དུ་མི་སྒེར་གྱི་ཁེ་ཕན་དེ་ཏང་གི་བྱ་གཞག་དང་གཅིག་གྱུར་བྱེད་པ། གཞུང་དྲང་ལ་བརྟེན་ནས་སྒྲིག་ལམ་བཟོ་བ་དང་། གཞུང་དྲང་ལ་བརྟེན་ནས་ཡིད་རྟོན་གཏོད་པ། གཞུང་དྲང་ལ་བརྟེན་ནས་དབང་གྲགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གཤིས་བརྟན་པོ་དང་གཞུང་དྲང་ཚུལ་མཐུན་བྱེད་དགོས། དམངས་ལ་བདེ་སྐྱིད་སྐྲུན་པའི་རིན་ཐང་གཉེར་ཕྱོགས་བརྟན་པོར་བཙུགས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁྲིམས་ལྟར་ཐབས་ཇུས་འགོད་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དམངས་གཙོའི་ཐབས་ཇུས་འགོད་པ་བཅས་མཐའ་འཁྱོངས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བསམ་འཆར་རྒྱ་ཁྱབ་ཉན་པ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་ལས་ཀའི་དམིགས་ཚད་གཏན་འཁེལ་དང་། ལས་ཀའི་བྱེད་ཐབས་འདོན་པ། ལས་ཀ་བཀོད་སྒྲིག་བཅས་བྱེད་པ། དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་སྐྱོང་དགོས་པ། རང་སྣང་གིས་ཐབས་ཇུས་འགོད་པ་དང་ཡ་ཡུག་གིས་ལས་དོན་སྒྲུབ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆོས་ཉིད་ལ་བརྩི་སྲུང་དང་དངོས་ཐོག་བདེན་འཚོལ་བྱེད་དགོས། དངོས་འཛིན་དངོས་སྒྲུབ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ཉིད་དཀའ་སྤྱད་ལས་སྒྲུབ་དང་དངོས་སྒྲུབ་ལག་བསྟར་གྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་པ་དང་། བྱས་རྗེས་འཇོག་ཕོད་པ་དང་། བྱས་རྗེས་འཇོག་མཁས་པ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ཏེ་ལས་ཀའི་སྤྱོད་ཚུལ་བཟང་པོར་བརྟེན་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གང་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་འགོ་ཁྲིད་ལས་བྱེད་པ་ཞིག་བྱེད་དགོས། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཏང་ཀྲུང་དབྱང་གིས་དར་སྤེལ་གཏོང་རིགས་མཐའ་གཅིག་ཏུ་དང་ལེན་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་རིགས་མཐའ་གཅིག་ཏུ་ལག་བསྟར། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་རིགས་མཐའ་གཅིག་ཏུ་མི་བྱེད་པ་བཅས་བྱེད་དགོས། རང་གཅུན་སྲིད་སྐྱོང་གི་ཚད་གཞི་དམ་སྲུང་དང་། སྲིད་སྐྱོང་གི་ཀུན་སྤྱོད་རྒྱུན་དུ་བློ་སྦྱོང་། དམངས་དོན་སྒྲུབ་སེམས་རྒྱུན་དུ་འཆང་བ། འདོད་རྔམ་གྱི་གནོད་པ་རྒྱུན་དུ་དྲན་པ། རང་གཅུན་གྱི་བསམ་པ་རྒྱུན་དུ་འཆང་བ། དུས་དང་རྣམ་པ་ཀུན་ཏུ་རང་གཅེས་དང་། རང་དཔྱོད། རང་ཟོན། རང་གཅུན་བཅས་བྱེད་པ། ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་དམར་ཐིག་བརྟན་པོར་སྲུང་བ་བཅས་བྱེད་དགོས། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་གཞིར་བཟུང་སྟེ་ལས་དོན་ནན་པོ་སྒྲུབ་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། དོན་གྲོས་ཐབས་འགོད་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། དབང་ཆ་གཞུང་དྲང་ངང་སྤྱོད་པ་དང་། དབང་ཆ་ཁྲིམས་ལྟར་སྤྱོད་པ། དབང་ཆ་དམངས་ཆེད་སྤྱོད་པ། དབང་ཆ་སྤྱོད་གཙང་ངང་སྤྱོད་པ་བཅས་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་ལམ་ལུགས་དང་སྒྲིག་ལམ་གཞིར་བཟུང་སྟེ་ལས་དོན་སྒྲུབ་པ་བཅས་བྱེད་དགོས། སྤྱོད་གཙང་གི་མཐའ་ཚད་བརྟན་སྲུང་བྱེད་པ་དང་། མི་དམངས་ལ་གུས་ཤིང་བཀུར་བ་དང་། རྩ་འཛུགས་ལ་གུས་ཤིང་བཀུར་བ། སྒྲིག་ཁྲིམས་ལ་གུས་ཤིང་བཀུར་བ། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པ། ལྟ་སྐུལ་དང་གཅུན་འདོམས་ཡོད་པའི་ཁོར་ཡུག་ཁྲོད་ལས་དོན་སྒྲུབ་པ་དང་འཚོ་བ་སྐྱེལ་བའི་གོམས་གཤིས་འཇགས་པར་བྱེད་པ། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པ། མི་ཆོས་གཙང་སྲུང་དང་། གཞུང་དྲང་ལས་སྒྲུབ། སྤྱོད་གཙང་སྲིད་སྐྱོང་བཅས་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།