ཝང་ཅུན་ཀྲེང་གིས“དྲུག་གཅིག”ཉིན་མོར་ལོ་ཆུང་བྱིས་པར་གཟིགས་པ།
གསར་བརྗེའི་ས་བོན་རྒྱུན་འཛིན་དང་ཕུགས་འདུན་ཆེན་པོ་བཅངས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་བྱེད་དགོས།

འདི་ནི་ཝང་ཅུན་ཀྲེང་གིས་ལྷ་སར་ལོ་ཆུང་བྱིས་པར་གཟིགས་བཞིན་པ།
ཟླ་6ཚེས་1ཉིན་ནི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ལོ་ཆུང་བྱིས་པར་གཟིགས་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། རྒྱ་ཆེའི་དགེ་རྒན་དང་ལོ་ཆུང་བྱིས་པའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཝང་ཅུན་ཀྲེང་གིས་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། ཕུགས་འདུན་ཆེན་པོ་འཆང་བ་བཅས་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭར་ཝང་ཅུན་ཀྲེང་གིས་འཛུམ་དམུལ་དམུལ་ངང་ཕྲུ་གུ་ཚོར་འཚམས་འདྲི་ཞུས་པ་དང་འབྲེལ། ཁོང་ཚོ་དང་མཉམ་དུ་སློབ་གྲྭའི་སྒོ་དབྱེ་རྣམ་པའི་ལོ་ཆུང་གདོང་ལེན་རུ་ཁག་ཁང་ལ་གཟིགས་སྐོར་གནང་བ་དང་། མི་རིགས་ཀྱི་རོལ་ཆ་དཀྲོལ་གཏོང་དང་། མཁའ་འགྲུལ་དཔེ་དབྱིབས། ཡིག་གཟུགས། མཛེས་དཔྱོད་སོགས་ལག་ལེན་སློབ་ཚན་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ། སློབ་སྦྱོང་ལ་དགའ་ཞེན་དང་། ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། སྒྱུ་རྩལ་ལ་དགའ་ཞེན་སོགས་སྐེ་དར་དམར་པོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཚང་མ་དང་བྱམས་བརྩེའི་སྤེལ་རེས་ཡང་ཡང་གནང་བ་རེད། ཕྲུ་གུ་ཚོ་ལྷད་མེད་གཞུང་དྲང་དང་གྲུང་ཤ་དོད་ལ་གདེང་ཚོད་ཀྱིས་ཁེངས་པ་གཟིགས་སྐབས་ཝང་ཅུན་ཀྲེང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ཕྲུ་གུ་ཚོ་སློབ་སྦྱོང་ལ་བརྩོན་ཞིང་བསམ་བློ་གཏོང་མཁས་པ་དང་ལག་ཟུང་བྱང་ཆ་དོད་པར་བསྔགས་བརྗོད་གནང་ནས། ཚང་མར་སློབ་སྦྱོང་ཡག་པོ་ཉིན་བཞིན་ཡར་རྒྱས་ཡོང་བ་བྱས་ཏེ། དུས་རབས་གསར་པའི་ལོ་ཆུང་བྱིས་པ་ཡག་པོ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
སློབ་གྲྭའི་ལུས་རྩལ་ཐང་དུ“རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་ཏེ་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོ་སྤེལ་བཞིན་ཡོད། ཝང་ཅུན་ཀྲེང་གིས་ལོ་ཆུང་གདོང་ལེན་རུ་མི་ཚོར་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་ཞུས་པ་དང་དེ་གར་ཡོད་པའི་ཕྲུ་གུ་ཚོས་དགའ་ཚོར་ཆེན་པོས་ཁོང་གི་གམ་དུ་རུབ་ཅིང་། ཚང་མས་གཙང་སྦྲ་དོད་པའི་སློབ་གོས་གྱོན་པ་དང་། གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན“དྲུག་གཅིག”དགའ་གཏོང་བྱེད་པ་གཟིགས་རྗེས། ཁོང་གིས“ཁྱོད་ཚོའི་བྱིས་བློའི་རྣམ་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངོ་གདོང་རེ་རེ་མཐོང་སྐབས་རྒྱལ་ཁབ་ཀྱི་མདུན་ལམ་ཧ་ཅང་ཡངས་པའི་ཚོར་སྣང་བྱུང་། ཚང་མ་དུས་ཆེན་སྤྲོ་པོ་དང་། སློབ་སྦྱོང་ཡར་རྒྱས། བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་དགྱེས་ཚོར་ཆེན་པོས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཚད་མཐོའི་མཐོང་ཆེན་གནང་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོར་ཐེངས་མང་ཞུགས་ཏེ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ཡོད། ཟླ་5ཚེས་31ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དང་ནན་ཧུའུ་གསར་བརྗེའི་དྲན་གསོ་ཁང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་དར་དམར་པོའི་འགྲེལ་བཤད་པར་ལྕག་སྐུལ་གནང་བ་དེ་ལས་ཚང་མར་ཐུགས་ཁུར་གཟབ་བཞེས་གནང་ལུགས་མངོན་ཡོད། རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོས་ཕུགས་འདུན་ཆེན་པོ་བཅངས་ཏེ་ཆུང་དུས་ནས“རྒྱལ་གཅེས”ཀྱི་བསམ་པ་འཆང་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་པ་བཅས་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་ཆུང་ངུ་དང་མེས་རྒྱལ་གྱི་ཕུགས་འདུན་ཆེན་པོ་གཅིག་ཏུ་སྦྲེལ་ཏེ་ཏང་དང་མི་དམངས་ཀྱི་ཕྲུ་གུ་བཟང་པོ་བྱ་རྒྱུའི་རེ་བ་ཡོད། ཀུན་སྤྱོད་བཟང་པོ་འཇགས་པར་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རང་རྟོགས་ངང་སློབ་སྦྱོང་དང་རྒྱུན་འཛིན་བྱས་ཏེ། ཕན་ཚུན་མཛའ་ཞིང་བརྩེ་བ་དང་རོགས་རེས་བྱས་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་མིག་དཔེ་བཟང་པོ་བྱེད་དགོས། ཤེས་བྱ་སློབ་སྦྱོང་རྒྱ་ཁྱབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྙིང་སྟོབས་སྐྱེད་སྲིང་བྱེད་པ། སློབ་སྦྱོང་ལ་དགའ་བ་དང་བསམ་གཞིག་བྱེད་མཁས་པ། བརྩོན་ཞིབ་མཁས་པ་དང་གསར་གཏོད་ཕོད་པ་བཅས་བྱས་ཏེ་རིག་གནས་ཤེས་བྱ་དང་ལག་ལེན་གྱི་རྩལ་ནུས་སྔར་ལས་མང་བ་ཁོང་དུ་ཆུད་གང་ཐུབ་བྱེད་དགོས། གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་བ་དང་། ལུས་རྩལ་དང་ངལ་རྩོལ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། སྤྲོ་སྣང་དོད་པའི་སེམས་ཁམས་སྐྱེད་སྲིང་བྱེད་པ། ངལ་རྩོལ་གྱི་གྲུབ་འབྲས་ལ་བརྩི་འཇོག་བྱེད་པ། དཀའ་སྤྱད་སྙིང་རུས་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་ཞུན་བརྡར་བཅས་བྱས་ནས་ལུས་སེམས་བདེ་ཐང་ཡོང་བར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཤིང་གསོ་བར་ལོ་བཅུ་དང་མི་གསོ་བར་ལོ་བརྒྱ་དགོས། སློབ་གྲྭས་མི་བཟང་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་གང་ལེགས་བཏོན་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ལ་དགའ་ཞེན་བཅས་ཀྱི་ས་བོན་ཕྲུ་གུ་ཚོའི་སེམས་དབུས་སུ་འདེབས་དགོས། སློབ་ཁྲིད་བྱེད་སྟངས་གསར་གཏོད་དང་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་ནས་ཕྲུ་གུ་ཚོས་དཔེ་དེབ་ཐོག་གི་ཤེས་བྱ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པར་དེ་བས་ལེགས་པའི་སྒོ་ནས་བསྒྱུར་རྒྱུར་ཁྲིད་སྟོན་བྱེད་དགོས། སློབ་གྲྭའི་བདེ་འཇགས་དང་བཟའ་བཅའི་བདེ་འཇགས་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་དགེ་རྒན་གྱི་དཔེ་ཁྲིད་མི་སྐྱོང་གི་ནུས་པ་ཆེ་རུ་བཏང་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཏུ་བཞག་ནས་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་དགོས། རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཨུ་ལྷན་གྱིས་སྡེ་ཚོགས་ཡོངས་ཀྱི་རུ་སྣེ་ཁྲིད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བསམ་བློའི་སྣེ་ཁྲིད་ཀྱི་གཙོ་འགན་གཙོ་ལས་ལ་དམིགས་པ། ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་དང་རུ་ཁག ལག་ལེན་མི་གསོ་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་དགོས། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ནས་མཐུན་སྦྱོར་ངང་མི་སྣ་གསོ་སྐྱོང་བྱེད་པའི་བཀོད་པ་ཞིག་བཏོད་དེ་ཐུན་མོང་ཐོག་མེས་རྒྱལ་གྱི་མེ་ཏོག་ལ་གཅེས་སྐྱོང་དང་། སློབ་གསོ། གསོ་སྐྱོང་བཅས་ཡག་པོ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།