ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་སྐོར་གཟིགས་དག་ཐེར་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་གྱི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ་ཆེད་མངགས་གསན་ནས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་བ་མ་ཟད། གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་བྱས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐོར་གཟིགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། བློ་བརྟན་འགྱུར་མེད་ངང་བྱེད་པོའི་འགན་འཁྲི་འཁུར་བ། ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བཅས་བྱས་པས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་འདོམས་དང་སྤྱི་ཡོངས་ལ་དམ་འཛིན་དང་། ཏང་ཨུད་ཀྱི་ཧྲུའུ་ཅིས་འགན་འཁྲི་གཙོ་བོ་དང་སྤྱི་འགན་འཁུར་བ། འགོ་ཁྲིད་ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་བྱེད་པ། ས་ཁུལ་དང་གྲོང་ཁྱེར་ཁག་དང་ཚན་པ་ཁག་གིས་ཞིབ་ཕྲ་དོན་འཁྱོལ་བྱེད་པ་བཅས་ཀྱི“བསམ་ཇུས་གཅིག”གི་དག་ཐེར་བཀོད་པ་ཆགས་ཏེ། སྐོར་གཟིགས་དག་ཐེར་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དོན་ཚན་རེ་རེ་དང་ཁག་རེ་རེ་བཞིན་ལྟ་བསྡུར་དག་ཐེར་དང་ཆད་ལུས་མེད་པར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་དག་ཐེར་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། དག་ཐེར་གྱི་ཕན་འབྲས་ཏན་ཏིག་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དག་ཐེར་གཏིང་ཟབ་དང་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་བ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་གཏོང་བ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་དགོས། དག་ཐེར་གཏིང་ཟབ་བྱས་པ་བརྒྱུད་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བརྒྱུད་རིམ་རང་བཞིན་གྱི་དག་ཐེར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ་དང་། འཕེལ་རྒྱས་ཀྱི་འགུལ་ནུས་འཕེལ་བ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དག་ཐེར་གཏིང་ཟབ་བྱས་པ་བརྒྱུད་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། “རི་གཉིས”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་དགོས། དག་ཐེར་གཏིང་ཟབ་བྱས་པ་བརྒྱུད་མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱས་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གཅིག་སྡུད་དག་ཐེར་མཇུག་འགྲིལ་རྗེས་སྐོར་གཟིགས་དག་ཐེར་དེ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་དག་ཐེར་དུས་མཚམས་སུ་སླེབས་རྒྱུ་རེད། སྐོར་གཟིགས་དག་ཐེར་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐོར་གཟིགས་དག་ཐེར་གྱི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། བརྒྱུད་རིམ་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ། སྣང་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གིས་ཁ་གཏད་གཅོག་པའི་བསམ་བློ་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། རྒྱུན་མཐུད་སྐུལ་འདེད་ནན་པོ་གཏོང་བ། སྙིང་རུས་གཏན་འཁྱོངས་ཀྱི་ངར་ཤུགས་དང་དམ་འཛིན་མཐར་ཕྱིན་བྱེད་པའི་སྙིང་རུས་ལ་བརྟེན་ནས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་དག་ཐེར་ལ་འགན་ལེན་ནུས་ལྡན་བྱས་ཏེ་ཚུར་ལན་གནད་དོན་དག་ཐེར་མཐར་ཕྱིན་པ་བྱེད་པ་དང་གཙང་མ་གཙང་རྐྱང་བཟོ་དགོས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་དག་ཐེར་གྱི་འཕེལ་རིམ་གསར་ཤོས་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱེད་པ་དང་། དག་ཐེར་ལས་དོན་གྱི་རྩིས་ཁྲ་བབ་བསྟུན་གསར་བརྗེས་བྱེད་པ། ཡུན་རིང་དག་ཐེར་གྱི་ལས་འགན་ཡིན་ཕྱིན་དུས་མཚམས་རང་བཞིན་གྱི་དམིགས་ཚད་ཞིབ་ཚགས་སུ་གཏོང་བ་དང་། རྗེས་སྙེག་ལྟ་སྐུལ་ཀྱིས་རེ་རེ་བཞིན་ལ་སྐུལ་འདེད་གཏོང་བ་དང་དག་ཐེར་གྱི་རྗེས་མཐུད་ལས་དོན་ཡག་པོ་སྒྲུབ་དགོས། དག་ཐེར་ཡོ་བསྲང་མཐར་ཕྱིན་པ་བྱུང་མེད་པ་དང་ཕན་འབྲས་མངོན་གསལ་དོད་པོ་མེད་པའི་རིགས་འབྱུང་རྩ་ནས་ཁུངས་འདེད་དང་གནད་འགག་འཚོལ་བ་དང་། གནད་སྨིན་ཇུས་བསྟར་དང་འབེན་གཏད་གསོ་བཅོས་བྱེད་དགོས་པ། དག་ཐེར་བྱས་ཟིན་རིགས་ལ“འཁྱོལ་ཙམ”བྱུང་སོང་བསམ་པའི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང“ཕྱིར་མིག་ལྟ་བའི”ལས་དོན་འོས་འཚམ་སྤེལ་ནས་གནད་དོན་བསྐྱར་དུ་མི་ཐོན་གཏན་འགོག་བྱེད་དགོས། འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་བཅས་འཛུགས་སྐྱོང་ལ་གནད་སྨིན་ཤུགས་འདོན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་གིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བར་ཁྲིད་སྟོན་བྱེད་པ། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་བརྟེན་ནས་རང་ཉིད་ཀྱི་གཏམ་སྤྱོད་རེ་རེ་བཞིན་ལ་གཅུན་འདོམས་ཏན་ཏིག་བྱེད་པ། སྐོར་གཟིགས་དག་ཐེར་གྱི་ཕན་འབྲས་དེ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དཔྱད་ཞིབ་དང་། ཏང་འཛུགས་སྐྱོང་གི་འཁྲི་འགན་སྒྲུབ་ཚུལ་དང་དཔྱད་གླེང་གི་ནང་དོན་གལ་ཆེན་ནང་བཅུག་ནས་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་དང་། འགན་སྒྲུབ་འཇོན་ཐང་། ལས་རྗེས་དངོས་བཅས་ལ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཏེ་སྐོར་གཟིགས་དག་ཐེར་ལ་ལམ་ལུགས་ཀྱིས་སྐུལ་མ་གཏོང་བར་ཤུགས་སྣོན་རྒྱག་དགོས། དངོས་སྒྲུབ་དང་། ལས་རྗེས་དངོས། ཕན་འབྲས་དངོས་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་ཀྱིས་ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་ཧུར་ཐག་ཆགས་པ་བྱས་ནས་ལས་ཀ་བྱེད་འདོད་པ་དང་། ལས་ཀ་བྱེད་ཐུབ་པ། གྲུབ་འབྲས་ཐོན་པ་བཅས་ཀྱི་ལས་བྱེད་པར་གོ་སྐབས་དང་ལས་སྟེགས་བསྐྲུན་ཏེ་འཇོན་པར་མཐོང་ཆེན་དང་། མི་འཇོན་པ་འབེབས་པ། བྱས་རྗེས་འཇོག་མཁན་ལ་གོ་གནས་ཡོད་པ་བཅས་དངོས་འབྲེལ་ཐུབ་པ་དགོས། རྒྱ་ཆེའི་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བར་ཁྲིད་སྟོན་བྱས་ཏེ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་། བཀོད་གཏོང་དང་གཅུན་སྡོམ་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་དང་། བཟང་བསྟོད་ངན་སྨད་དང་བཟང་སྐྱོར་ངན་འཇོམས་བྱེད་པ། སྤྱོད་གཙང་གཞུང་དྲང་དང་ངར་ཤུགས་ཆེན་པོས་ལས་ཀ་བྱེད་པའི་ཁོར་ཡུག་བཟང་པོ་མུ་མཐུད་བརྟན་དུ་བཏང་ཐོག་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།