དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་གཙོ་དོན་ཁྱབ་བསྒྲགས་དང་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-01

    ཟླ་5ཚེས་29ཉིན། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ནས《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད》(གཤམ་དུ《རྩ་གནད》ཅེས་བསྡུ་རྒྱུ)ཀྱི་འབྲེལ་ཡོད་ནང་དོན་ངོ་སྤྲོད་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གཙོ་དོན་ཁྱབ་བསྒྲགས་དང་སྨྱན་སྦྱོར་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། “ལོ་ལྔ་ཚན་བཅུ་བཞི་པའི”ལས་དོན་ལ་ཕྱིར་མིག་ལྟ་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཐེངས་གཉིས་ཕེབས་ནས་གཞི་རྩར་དོ་དམ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་པ་བཅས་ཀྱི་འཐབ་ཇུས་གལ་ཆེན་དང་མཚོན་རྟགས་རང་བཞིན་གྱི་འདུ་འགོད་གལ་ཆེན་རབ་དང་རིམ་པར་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། “ལོ་ལྔ་ཚན་བཅོ་ལྔ་པར” རྒྱང་ལྟ་བྱེད་སྐབས་བོད་ལྗོངས་ནི་གོ་སྐབས་ཧ་ཅང་ཡག་པའི་དུས་སྐབས་སུ་གནས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་མདུན་སྐྱོད་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། “དོན་ཆེན་བཞི”རྒྱུན་མཐུད་དོན་འཁྱོལ་ལ་དམ་པོར་དམིགས་ཏེ་འཆར་གཞི་རེ་རེ་མཐར་ཕྱིན་པ་འགོད་པ་དང་གོམ་པ་རེ་རེ་བཞིནབརྟན་པོ་སྤོ་བ་བཅས་བྱས་ནས། རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན།

    ཀརྨ་ཚེ་བརྟན་གྱིས་བློ་བརྟན་འགྱུར་མེད་ངང་གཙོ་རྐང་ལ་དམིགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་དང་། བློ་བརྟན་འགྱུར་མེད་ངང་ལེགས་ཆ་ཟབ་ཏུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཀྱི་ནང་མཉམ་འདྲེས་བྱེད་པ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་ལེགས་སུ་བཏང་སྟེ་མི་སེམས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོང་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ། བློ་བརྟན་འགྱུར་མེད་ངང་མཐའ་བརྟན་མཐའ་དར་བྱས་ཏེ་མཐའ་མཚམས་ས་ཁུལ་གང་མགྱོགས་བསྐྲུན་པ་བཅས་ཕྱོགས་དྲུག་གི་ཐད་ནས་བོད་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཤུགས་རྒྱག་ས་གཙོ་བོ་ངོ་སྤྲོད་གནང་སྟེ་ཏང་ཀྲུང་དབྱང་གིས་བཀོད་པའི་བརྗིད་ཆེའི་འཆར་གཞི་དེ་གངས་ལྗོངས་ས་མཐོའི་དངོས་ལྗོངས་དཔེ་རིས་སུ་ཧུར་ཐག་བསྒྱུར་བར་བྱས་ཡོད།

    འཆར་གཞི་བཀོད་ནས་མཉམ་ཤུགས་གཅིག་ཏུ་བསྒྲིལ། གྲུ་གཡོར་བསྒྲེངས་ནས་རྒྱང་ལམ་གསར་པར་བསྐྱོད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་སྒྱུར་ཕྱོགས་སྟོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་བཅས་ཡོད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་གོང་འོག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཔའ་ངར་ཆེན་པོས་འབད་འཐབ་དང་། བློ་རྩ་བརྟན་པོས་ཡར་བརྩོན། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཚེ། 《རྩ་གནད》ནང་བཏོན་པའི་དམིགས་ཚད་དང་ལས་འགན་བདེ་བླག་ངང་མངོན་འགྱུར་ཐུབ་ངེས་ཡིན་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཐད་གོམ་སྟབས་ཆེན་པོས་མདུན་སྐྱོད་ཐུབ་པ་དང་འོད་སྟོང་འབར་བའི་མདུན་ལམ་མངོན་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་བསྟན་པ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། སྒོ་དབྱེའི་མཉམ་ལས་རྒྱ་སྐྱེད། དམངས་འཚོ་འགན་ལེན་དང་ལེགས་གཏོང་སོགས་ཀྱི་གཙོ་གནད་གནད་དོན་ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།