ཡན་ཅིན་ཧའེ་ཡིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པའི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་གནང་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་དང་ལྷན་དུ“སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ལག་ལེན་བསྟར་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”བརྗོད་དོན་གཙོ་བོར་དམིགས་ནས་བཞུགས་མོལ་སྤེལ་རེས་གནང་བ་དང་། གཞི་རིམ་གྱི་མང་ཚོགས་7གྱིས་ཚོགས་འདུ་ཟུར་ཉན་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་5ཡིས་རང་ངོས་ཀྱི་འགན་འཁྲི་སྒྲུབ་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་བྱས་པ་མ་ཟད། བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད། ཡན་ཅིན་ཧའེ་ཡིས་ནན་ཏན་ངང་གསན་རྗེས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་དང་གཞུང་དོན་ཐིང་ལ་དུས་ཐོག་ཏུ་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་ཏེ། འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་སྒྲུབ་གཉེར་བྱེད་པར་བརྒྱུད་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། སྐྱེ་ཁམས་དར་ཚེ་ཤེས་དཔལ་དར་བ་དང་སྐྱེ་ཁམས་ཉམས་ཚེ་ཤེས་དཔལ་ཉམས་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་བྱུང་མྱོང་མེད་པའི་མཐོ་ཚད་ཐོག་ནས་སྐྱེ་ཁམས་ཤེས་དཔལ་གཏན་འཁེལ་དང་སྔར་བྱུང་མྱོང་མེད་པའི་ཤུགས་ཚད་ལ་བརྟེན་ནས་སྐྱེ་ཁམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དེ་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་། ཕྱོགས་སྒྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་ཡོད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྐྱེ་ཁམས་ཁྲིམས་སྐྱོང་གི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་བ་ཞིག་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྣེ་ཁྲིད་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་རལ་གྲི་འཕྱར་ཕོད་པ་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁས་པོ་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་མཁན་ཞིག་བྱས་ཏེ་ནུས་རྒྱུ་གཙང་མ་དང་། སྐྱེ་ཁམས་ཡུལ་སྐོར། ཁྱད་ལྡན་ཞིང་འབྲོག ཐཱན་འདུས་དཔལ་འབྱོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་དང་གནད་སྨིན་ཇུས་འབུལ་གྱིས་མང་ཚོགས་ཀྱི་རེ་འདུན་གོང་ཞུ་ཏན་ཏིག་བྱེད་པ་དང་། ཆེད་ལས་ཀྱི་ཁ་གཏད་གཅོག་ཐབས་འདོན་པ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱི་རི་སྔོན་ཆུ་དྭངས་དེ་བས་མཛེས་སྡུག་ལྡན་པ་དང་གསེར་རི་དངུལ་རི་དེ་བས་རིན་ཐང་ལྡན་པར་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་གྱི་སྣེ་ཁྲིད་པ་ནུས་ལྡན་ཞིག་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་དུ་གཞི་ཚུགས་པའི་ལེགས་ཆ་གང་ལེགས་འདོན་པ་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་སྣེ་ཁྲིད་དེ་ལག་ལེན་བསྟར་བ། མང་ཚོགས་ལ་ཕྱོགས་ནས་བོད་ཀྱི་སྐྱེ་ཁམས་གཏམ་རྒྱུད་ཡག་པོ་ཤོད་པ་དང་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཁྱབ་སྤེལ་བཅས་བྱས་ནས། རང་ངོས་ཀྱི་གཏམ་གླེང་དང་བྱ་སྤྱོད་ཚང་མ་སྤྱད་དེ་ཉེ་འགྲམ་གྱི་མིར་ཤུགས་རྐྱེན་ཐེབས་ཐབས་དང་། མི་ཁག་གཅིག་ལ་སྐུལ་ཁྲིད། མི་མང་པོར་ཁྲིད་སྟོན་བཅས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།