དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་གྱི་ས་གནས་ས་ཐོག་ཏུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-30

    ཚེས་28ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་གྱི་ས་གནས་ས་ཐོག་ཏུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

    ཀརྨ་ཚེ་བརྟན་སྣེ་གདོང་ཆུས་བྱ་ས་སྡེ་ཁུལ་དུ་ཕེབས་ཏེ་ས་ཁོངས་དེའི་ཡར་ཀླུང་གཙང་པོའི་ངོགས་སྲུང་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། གནད་དོན་འབྱུང་རྐྱེན་དང་དག་ཐེར་བྱེད་ཐབས་དོན་འཁྱོལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་གྱིས་རྩིས་ཁྲ་བཟོ་བ་དང་། འགན་འཁྲི་ནན་དུ་གཏོང་བ། གསལ་ཐོར་དོ་དམ་བཅས་བྱས་ནས་ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད་ཀྱིས་དག་ཐེར་གྱི་ལས་འགན་ཁག་དུས་བཀག་ལྟར་སྤུས་ཚད་མཐོ་པོས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་དང་། གནད་དོན་གྱི་འབྱུང་རྩ་སྔོག་འདོན། གཅིག་ཤེས་ཀུན་གྲོལ་གྱིས་རང་བཤེར་རང་བཅོས། སྐྱེ་ཁམས་ཁོར་ཡུག་ལ་ཆུ་ཚད་མཐོ་པོས་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཚོ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཁྲོད་རང་བྱུང་གི་མཛེས་པ་དང་། ཚེ་སྲོག་གི་མཛེས་པ། འཚོ་བའི་མཛེས་པ་བཅས་མཉམ་དུ་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཨར་སྐྲུན་གྱི་གད་སྙིགས་ཚད་ལྡན་ངང་ཐག་གཅོད་མི་ཐུབ་པ་ནི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་དོ་ཁུར་བྱེད་པའི་གནད་དོན་གྱི་གྲས་ཤིག་རེད། ཀརྨ་ཚེ་བརྟན་གྱིས་ས་གནས་ས་ཐོག་ཏུ་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། དོ་དམ་གྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཨར་སྐྲུན་གྱི་གད་སྙིགས་བཅོས་སྒྲིག་གི་ཕན་ནུས་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་ལམ་ལུགས་གསར་གཏོད་གལ་ཆེན་ཞིག་ཡིན་པས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་དུ་གཏོང་བ་དང་། དམ་པ་དོན་གཉེར་གྱི་རྣམ་འགྱུར་ཐོག་ནས་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ། སྟབས་བདེ་ཅན་དང“བྲེ་ཁ་གཅིག་ཆོད”སྔོན་འགོག་བྱེད་པ། ཏན་ཏན་ཏིག་ཏིག་གི་དག་ཐེར་ཕན་འབྲས་ལ་བརྟེན་ནས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་བཅས་བྱེད་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་གྱི་རྗེས་མཐུད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། མིག་སྔའི་དག་ཐེར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས་ལ་ཕུགས་ཀྱི་ལས་དོན་ཡང་སྔར་བས་ཡག་པོ་སྒྲུབ་དགོས་པ་དང་། ལམ་ལུགས་དང་ལམ་སྲོལ་ལ་བརྟེན་ཏེ་འབྱུང་རྩ་ནས་ཞན་ཆ་སེལ་བ་དང་ཆད་ལུས་གསབ་དགོས་པ། གནད་དོན་རིགས་གཅིག་བཅོས་སྒྲིག་དང་ཁྱབ་ཁོངས་ཤིག་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།