ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཚེས་25ཉིན་ནས་27ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་གྱི་སྣེ་གདོང་དང་། སྣ་དཀར་རྩེ། ལྷོ་བྲག འཕྱོངས་རྒྱས། ཟངས་རི། རྒྱ་ཚ་སོགས་རྫོང་དང་ཆུས་སུ་བརྟག་ཞིབ་གནང་བ་རེད།
ཐོན་ལས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་དང་མང་ཚོགས་ལ་འབབ་འཕར་ཡོང་བའི་འགན་ལེན་ཞིག་ཡིན་ཞིང་། ཀརྨ་ཚེ་བརྟན་གྱིས་གསོ་མཁས་ལུག་རྒྱུད་སྤེལ་ར་བ་དང་། བོད་སྨན་སྨན་རྒྱུ་གསར་སྤེལ་ཀུང་སི། རྒུན་འབྲུམ་ཨ་རག་གཞིས་ཀ སྟར་ཁ་འདེབས་གསོའི་དཔེ་སྟོན་རྟེན་གཞི། ཆིང་དབྱང་ཐོན་ལས་གླིང་བཅས་སུ་ཕེབས་ནས། གཉེར་སྐྱོང་བ་དང་སྤེལ་རེས་གཏིང་ཟབ་གནང་སྟེ་ཐོན་སྐྱེད་བྲིན་ཚོང་དང་། ཐོན་ལས་འཕེལ་རྒྱས། མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཉེར་སྐྱོང་བར་གདེང་ཚོད་ཆེ་རུ་གཏོང་བ་དང་བོད་དུ་གཞི་ཚུགས་ནས། ཐོན་ནུས་རྒྱ་སྐྱེད་དང་སྤུས་རྟགས་སྟོབས་ཆེར་བཏང་སྟེ་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་ནས། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་བྱེད་མགྱོགས་སུ་བཏང་སྟེ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཞིང་འབྲོག་པ་ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་ནང་ཞུགས་སུ་བཅུག་སྟེ་ཐོན་ལས་ཀྱི་གནས་ཐང་འཕར་མའི་ཁེ་ཕན་དེ་བས་མང་བ་མཉམ་སྤྱོད་བྱེད་དགོས་པའི་ནན་བཤད་གནང་བ་རེད། ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པ་དང་། ཀརྨ་ཚེ་བརྟན་གྱིས་G219ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཡུལ་སྐོར་ལམ་ཐིག་རྩེ་གྲ་གཏོད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ནས། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་དང་རིག་དངོས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བའི་རྨང་གཞིའི་ཐོག རིག་གནས་ཡུལ་སྐོར་ཐོན་རྫས་སྤུས་ལེགས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ། ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་གསར་གཏོད་བྱེད་པ། ཡུལ་བབ་དང་བསྟུན་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་གྱུར་ནས་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།
སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་འཐུས་གྲོང་ཚོར་ས་བབ་སྨི་5000ལྷག་ཙམ་ཟིན་པ་དང་། 2024ལོར་ལྗོངས་ཡོངས་ཀྱི་སྔོན་ལ་གྲོང་ཚོ་ཡོངས་སུ་དྲོད་རླངས་དང་གསོ་རླུང་མཁོ་འདོན་ཐུབ་ཡོད། ཀརྨ་ཚེ་བརྟན་གྱིས་མང་ཚོགས་དང་མཉམ་དུ་འགྱུར་ལྡོག་དང་འཕེལ་རྒྱས་སྐོར་གླེང་གནང་ཞིང་། ས་གནས་དེ་གའི་མང་ཚོགས་ཀྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་དམངས་སྲོལ་གནས་ཚང་ཐོན་ལས་འཕེལ་རྒྱས་གཏོང་བ་མཁྱེན་སྐབས། ཁོང་གིས་ཚང་མས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་བྱེད་སྟངས་ལ་བསྔགས་བརྗོད་གནང་བ་མ་ཟད། མུ་མཐུད་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀརྨ་ཚེ་བརྟན་གྱིས་ད་དུང་ཆུ་བོ་དང་་ནགས་ཚལ་སྐོར་སྲུང་ལས་དོན་སྤེལ་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།