སློབ་གསོ་པུའུ་དང་ནོར་སྲིད་པུས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་པ།
2026ལོའི་གྲོང་གསེབ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་གྱི་དམིགས་བཙུཌ་ལས་གནས་འཆར་གཞི་ལག་བསྟར་གྱི་ལས་དོན་ཡག་པོ་སྒྲུབ་དགོས།
ཉེ་ཆར། སློབ་གསོ་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས《2026ལོའི་གྲོང་གསེབ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་གྱི་དམིགས་བཙུགས་ལས་གནས་འཆར་གཞི་ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་བཀྲམ་ནས་རྒྱལ་ཡོངས་སུ་དམིགས་བཙུགས་ལས་གནས་ཀྱི་དགེ་རྒན་8594བསྡུ་རྩིས་ཡོད་པ་རེད། 2026ལོའི“དམིགས་བཙུགས་ལས་གནས་འཆར་གཞི”སྔར་བཞིན་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་ལ་ཕྱོགས་ནས་ལག་བསྟར་བྱས་ཏེ་དེ་སྔའི“ཁུལ་གསུམ་ཀྲོའུ་གསུམ”དང་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་བྱ་ཡུལ་རྫོང་སོགས་ས་ཁུལ་ལ་གཙོ་གནད་ཐོག་གཟིགས་སྐྱོང་བྱས་ཡོད། ལྷག་པར་དུ་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་དགེ་རྒན་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། རིག་ཚན་གྱི་དགེ་རྒན་དཀོན་རིགས་གཙོ་གནད་དུ་ཁ་གསབ་བྱས་ནས་དགེ་རྒན་དཔུང་ཁག་གི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
བརྡ་ཐོའི་ནང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་གྱི་ཚད་གཞི་ཨང་དང་པོ་དོན་འཁྱོལ་ནན་པོ་བྱས་ཏེ་ལས་ཞུགས་གོང་གི་ཞུགས་འཐུས་འདྲི་རྩད་དེ་དགོས་ངེས་ཀྱི་ལྷུ་ཚིགས་སུ་བརྩི་དགོས། ལས་བསྡུའི་ལོ་ཚད་ཀྱི་ཆ་རྐྱེན་ལོ་33བར་རིང་དུ་གཏོང་དགོས། བྱ་གཞག་ཚན་པའི་ཡོངས་བསྒྲགས་ལས་བསྡུའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དོན་འཁྱོལ་ནན་པོ་བྱས་ཏེ་ལས་བསྡུའི་བརྒྱུད་རིམ་ཡོངས་བསྒྲགས་དང་། དྲང་གཞག གཞུང་དྲང་བཅས་ཡོང་བའི་འགན་ལེན་བྱེད་དགོས། མཐོང་ཆུང་རང་བཞིན་དང་ཕྱོགས་སྟོན་རང་བཞིན་གཏན་ནས་བྱེད་མི་ཆོག་པར་ཆ་རྐྱེན་འཛོམས་པའི་མི་སྣ་ཚང་མ་འདྲ་མཉམ་ངང་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད། བརྡ་ཐོའི་ནང་། ས་གནས་ཁག་གིས་སྔ་སྣུར་དུ་ལས་བསྡུའི་མིང་ཐོ་འགོད་པ་དང་། ཡིག་རྒྱུགས་གཏོང་བ། རྟོག་ཞིབ་བྱེད་པ། གཟུགས་པོར་བརྟག་དཔྱད་སོགས་ཀྱི་དུས་ཚོད་རེའུ་མིག་བཀོད་སྒྲིག་བྱས་ནས་ཟླ་བདུན་པའི་ཟླ་མཇུག་ཏུ་ལས་བསྡུའི་ལས་དོན་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།