བོད་ཀྱི“1·07”དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཀརྨ་ཚེ་བརྟན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ།

ཉེ་ཆར། བོད་ཀྱི“1·07”དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ།

ཉེ་ཆར། བོད་ཀྱི“1·07”དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ།
ཉེ་ཆར། བོད་ཀྱི“1·07”དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སྔོན་ཐོན་ལ་སློབ་སྦྱོང་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། སེམས་ནུས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་། ཀརྨ་ཚེ་བརྟན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། ལའེ་ཅའོ་དང་། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ། ཤའོ་ཡིའུ་ཚའེ། པད་མ་དབང་འདུས། གོ་ཆིང་། ཀྲའོ་ཞའོ་པིང་བཅས་ཚོགས་འདུར་ཞུགས་ཡོད། ཀྲུའུ་ཞི་སྡིངས་ཆར་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་འཐབ་ཕྱོགས་དང་པོར་དཔའ་ངར་ཆེན་པོས་འབད་འཐབ་བྱེད་མཁན་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག་དང་གྲ་སྒྲིག་དམག་ཞབས་པ། འཕྲལ་སྡོམ་རོགས་སྐྱོབ་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། སྨན་བཅོས་འཕྲོད་བསྟེན་ལས་དོན་པ། གསར་འགྱུར་ལས་དོན་པ། ཚན་རྩལ་ལས་དོན་པ། ལས་གྲྭ་འཛུགས་སྐྲུན་པ། དང་བླངས་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་ཤིང་། ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། 2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་05ལ་གཞིས་རྩེའི་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། གློ་བུར་དུ་ཐོན་པའི་རང་བྱུང་གནོད་འཚེའི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་གེགས་ཁུལ་ལ་ཐུགས་ཁུར་དང་དུས་དང་རྣམ་པ་ཀུན་ཏུ་གེགས་ཁུལ་མང་ཚོགས་ལ་ཐུགས་ཁྲལ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ཀྱི་དིང་རིའི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཐོག ང་ཚོས་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ལས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་ཡོམ་འགོག་གེགས་སེལ་ལ་རྒྱལ་ཁ་ལེན་པ་དང་སླར་གསོ་བསྐྱར་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད།
ཝང་ཅུན་ཀྲེང་གིས་གསུངས་དོན། གནོད་འཚེའི་གནས་ཚུལ་ནི་བཀའ་རྒྱ་དང་དུས་ཚོད་ནི་ཚེ་སྲོག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བོད་ཀྱི་ལོ་རྒྱུས་ཐོག་གི་རོགས་སྐྱོབ་མྱུར་ཚད་མགྱོགས་ཤོས་དང་། སྐུལ་སློང་ཁྱབ་རྒྱ་ཆེ་ཤོས། མ་དངུལ་གཏོང་ཤུགས་ཆེ་ཤོས་བཅས་ཀྱི་ཡོམ་འགོག་གེགས་སེལ་གྱི་འཐབ་རྩོད་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཚེ་སྲོག་བསྐྱབས་པ་དང་གནོད་འཚེ་ལས་བྱུང་བའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ། ཡོམ་འགོག་གེགས་སེལ་བྱ་རྒྱུ་དེ་གལ་ཆེ་ཤོས་དང་ཁ་ཚ་དགོས་གཏུགས་ཀྱི་ཆབ་སྲིད་ལས་འགན་ཞིག་ཏུ་བརྩིས་ནས་བྱ་སྤྱོད་མྱུར་དུ་སྤེལ་བ་དང་འཕྲལ་ཐག་ཆོད་པོས་བྱ་ཐབས་ནུས་ལྡན་སྤྱད་དེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མི་སྣ་འཚོལ་སྐྱོབ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ། བདེ་འཇགས་ངང་གནས་སྤོ་བ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་འཕྲལ་མར་ཉམས་བཟོ་བཅས་བྱས་ནས་ཉེན་སྐྱོབ་གེགས་སེལ་བདེ་བླག་ངང་སྤེལ་བར་འགན་ལེན་ནུས་ལྡན་བྱས་ཡོད། སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་ནུས་ཆེའི་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་འདོམས་དང་རིགས་དབྱེ་ཇུས་བསྟར་དང་། སྤུས་ཚད་མཐོ་པོ་དང་ཚད་གཞི་མཐོ་པོ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཧུར་ཐག་བཅས་བྱས་པས“ལོ་དེར་གནོད་འཚེ་ཕོག་པ་དང་། ལོ་དེར་བསྐྱར་སྐྲུན་ཐུབ་པ། ལོ་དེར་སྡོད་ཐུབ་པ”བཅས་ཀྱི་ལས་ཀའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་ཡོད། གནོད་འཚེ་ཕོག་པའི་ས་ཁུལ་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། གཞི་རིམ་ཏང་རྩ་འཛུགས། ཏང་ཡོན་ལས་བྱེད་པ་བཅས་ཀྱིས་འགག་རྩའི་དུས་སུ་དོན་ཕོད་པ་དང་ཉེན་ཁའི་དུས་སུ་ཁ་གཏད་གཅོག་ཐུབ་པ་དང་། དཀའ་ངལ་ལ་མི་སྐྲག་པ་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ“གདོང་ལེན་རུ་ཁག”དང“སྲོག་ཤིང”གི་ནུས་པ་གང་ལེགས་བཏོན་ཡོད། གེགས་ཁུལ་མང་ཚོགས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་སྒུག་རྟེན་མི་བྱེད་པ་དང་། རང་སྐྱོབ་དང་སྐྱོབ་རེས་ཧུར་ཐག་བྱེད་པ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཁྱིམ་གཞིས་གསར་པ་སྐྲུན་པ་བཅས་བྱས་ཏེ་རང་ཚུགས་རང་དར་དང་རང་སྟོབས་རང་སྤེལ་གྱི་ཞུམ་མེད་གཤིས་རྒྱུད་མངོན་པར་བྱས་ཡོད། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག མེ་ཟོན་རོགས་སྐྱོབ་དཔུང་ཁག སྤྱི་བདེའི་མི་དམངས་ཉེན་རྟོག་པ་སོགས་ཀྱིས་དཔའ་ངར་ཞུམ་མེད་དང་། རང་སྲོག་བློས་གཏོང་ལ་མི་སྐྲག་པ། བསྟུད་མར་དམག་འཐབ་བྱེད་པ་བཅས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། མདུན་དུ་མཆོང་བ་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པ། ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་རོགས་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་གེགས་ཁུལ་ལ་བརྩེ་སེམས་བཅངས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ན་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི”སྙིང་སྟོབས་དར་སྤེལ་གཏོང་བ་དང་། གེགས་ཁུལ་མི་དམངས་ཀྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལ་རོགས་རམ་ཧུར་ཐག་བྱེད་པ། ལག་གདང་སྦྲེལ་ནས་དཀའ་གནད་ལས་སྒྲོལ་བ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་གང་སར་བརྩེ་བས་ཕྱུག་ཅིང་བོད་ཀྱི་ཡོམ་འགོག་གེགས་སེལ་གྱི་ལོ་རྒྱུས་ཐོག་གི་བརྗིད་ཉམས་ལྡན་པའི་ལེའུ་བརྩམས་ཡོད།
ཝང་ཅུན་ཀྲེང་གིས། མིག་སྔར་བོད་དེ་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་སུ་སླེབས་པས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེན་པོ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་རླབས་པོ་ཆེ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། “ལམ་གཉིས”ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་བྱེད་རིང་གོང་བུ་གཅིག་ཏུ་བསྒྲིལ་བའི་སྟོབས་ཤུགས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་འགྱུར་བ་བྱེད་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དེ་བས་གོ་བ་གཏིང་ཟབ་ལེན་པ་དང་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཏེ། བོད་ཀྱི་བྱ་གཞག་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་པའི་འགན་ལེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་ཐུབ་པའི་འགན་ལེན་བྱེད་དགོས། ཡིད་ཆེས་སྔར་བས་བརྟན་གཏོང་དང“དོན་ཆེན་བཞི”དོན་འཁྱོལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་དེ་བས་དར་རྒྱས་དང་བརྟན་ལྷིང་ཡོང་བ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། གྲོང་ཁྱེར་གྲོང་རྡལ་དཔེ་གསར་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། སྡོད་ཁང་གི་བདེ་འཇགས་འགན་ལེན་ཆུ་ཚད་མཐོ་རུ་དང་གནས་སྡོད་ཁོར་ཡུག་ལེགས་སུ་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ནན་པའི་ཚད་གཞིར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ། རིམ་ཁག་ཏང་རྩ་འཛུགས་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ། སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ་བཅས་མཐའ་འཁྱོངས་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་བློ་སེམས་གཅིག་མཐུན་དང་། སེམས་ཁམས་ཡངས་པ། ངར་ཤུགས་འཕེལ་ནས་ལས་དོན་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
ཚོགས་འདུའི་ཐོག་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི་བློ་བཟང་སྙན་གྲགས་དང་། སྤེན་པ་ནོར་བུ། ཧྥུའུ་ཀྲི་གོ ཝང་ཝུའེ་ལེང་། ཟླ་བ་དབང་ལགས་བཅས་དང་མང་ཚོགས་ཀྱི་འཐུས་མི་ཉི་མ་དབང་མོས་གཏམ་བཤད་སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།