དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས།

    ཚན་རྩལ་གསར་གཏོད་ལ་སྐུལ་འདེད་མྱུར་གཏོང་དང་། སྲིད་དོན་ཞབས་ཞུ་སྔར་བས་ལེགས་གཏོང་། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་འབྲས་ལེཌ་གཉེར་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-25

    ཚེས་22ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་། སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་འབྲས་ལེགས་གཉེར་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཚན་རྩལ་གསར་གཏོད་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཞིག་རེད། “འཕར་གཞི་གསར་པ”བཏོད་དེ་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། སྐྱེ་ཁམས་བདེ་འཇགས། དམངས་འཚོ་འགན་སྲུང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་ལག་རྩལ་གྱི་དཀའ་གནད་ལ་དམིགས་ནས་མཐུན་སྦྱོར་འགག་སྒྲོལ་བྱས་ཏེ། ས་མཐོའི་ཁྱད་ཆོས་མངོན་པའི་ཐོག་མའི་གསར་རྩོམ་རང་བཞིན་དང་། སྣེ་ཁྲིད་རང་བཞིན། མཚོན་རྟགས་རང་བཞིན་བཅས་ཀྱི་གྲུབ་འབྲས་ཁག་གཅིག་ཐོབ་པའི་བརྩོན་ལེན་བྱེད་དགོས། གསར་གཏོད་ཀྱི“གཙོ་ཤུགས་དམག”སྟོབས་ཆེར་བཏང་སྟེ་ཁེ་ལས་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་ཀྱི་མཐུན་སྦྱོར་གསར་གཏོད་འཁོར་འབྲེལ་གཏོད་པ། ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གསར་གཏོད་སྒུལ་ནུས་ལ་བརྟེན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དེ་བས་ལེགས་པའི་མཐུན་རྐྱེན་སྦྱོར་དགོས། གསར་གཏོད་ཀྱི“འདེགས་སྐྱོར་བརྟན་པོ”བརྟན་དུ་བཏང་སྟེ་ཚན་རྩལ་བྱ་དགའི་སྟོན་ཕྱོགས་ཀྱི་ལྕག་སྐུལ་ནུས་པ་ཡག་པོ་འདོན་པ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་མྱུར་པོ་གཏོང་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ་ཚན་རྩལ་གསར་གཏོད་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། སྲིད་དོན་ཞབས་ཞུ་དེ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས། སྲིད་དོན་ཞབས་ཞུའི་སྤུས་འབྲས་ལེགས་སུ་གཏོང་རྒྱུ་དེ་མཚམས་མེད་རྒྱུན་དུ་སྒྲུབ་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དེ་སྲིད་དོན་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ། གཙོ་གནད་འགག་སྒྲོལ་དང་སྙིང་རུས་གཏན་འཁྱོངས་ལ་སྤྱི་འདོམས་བྱེད་པ། ཁྱབ་ཁོངས་དེ་བས་མང་བ་དང་གཞི་ཁྱོན་དེ་བས་ཆེ་བའི་སྒོ་ནས“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་ཐུབ་པར”སྐུལ་འདེད་གཏོང་བ། སྲིད་དོན་ཞབས་ཞུ“སྒྲུབ་ཐུབ་པ”ནས་“སྒྲུབ་བདེ་བ་དང་། སྒྲུབ་སླ་བ། སྒྲུབ་མགྱོགས་པ”བཅས་ཀྱི་ཕྱོགས་སུ་སྒྱུར་བ། དམངས་ལ་སྟབས་བདེ་དང་ཁེ་ལས་ལ་ཕན་པ་དང་དེ་བཞིན་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་ལས་རྗེས་གསར་པ་འཇོག་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་མཐོ་རུ་གཏོང་དགོས། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་རང་འགུལ་ངང་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། འགོ་ཁྲིད་མ་ལག་དང་ལས་རིགས་མཉམ་འགུལ་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འཚོལ་ཞིབ་དང་གསར་གཏོད་ལ་ལྕག་སྐུལ་བྱེད་པ། ལག་ལེན་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ལད་ཟློས་དང་ཁྱབ་གདལ་གཏོང་བ། དུས་ཚོད་ཀྱིས་མིར་མི་སྒུག་པའི་སྙིང་སྟོབས་ཐོག་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་སྲིད་དོན་ཞབས་ཞུའི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། བདེ་ཐང་ནི་དམངས་འཚོའི་རྨང་གཞི་ཡིན་པ་དང་། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གྲུབ་འབྲས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། “འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི”འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ཞན་ཆ་སེལ་བ་དང་། རྨང་གཞི་བརྟན་དུ་གཏོང་བ། ཉམས་ཞན་སྟོབས་ཆེར་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་ཚགས་དམ་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བདེ་ཐང་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ་བཅས་བྱས་ཏེ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་ད་དུང་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་གཏོང་བ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།