དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་གཟི་བརྗིད་གསར་པ་གཏོད་དགོས།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-24

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་འབད་འབུངས་མདུན་སྐྱོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་སྐབས་སུ་ང་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་བསུ་བ་ཞུས་ཡོད།

    ལོ་ངོ་75གོང་གི་དེ་རིང《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད། དུས་དེ་ནས་བཟུང་། བོད་ཀྱི་མི་དམངས་ནམ་ཡང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེ་མོར་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་བསྐྱོད་ཡོད། དེ་ནི་བོད་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པའི་རླབས་ཆེན་གྱི་ཁ་ཕྱོགས་སྒྱུར་མཚམས་ཤིག་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚེ་སྲོག་གསར་པ་ཐོབ་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་ཞིག འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་དང་། ཀྲུང་གོའི་དེང་རབས་ལོ་རྒྱུས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་བཅས་ཐོག་གི་འོད་སྟོང་འཕྲོ་བའི་ལེའུ་ཞིག་བཅས་རེད།

    ཞི་བས་བཅིངས་འགྲོལ་བཏང་བ་འགོ་འཛུགས་སར་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཁྲིད་སྟོན་གནང་བའི་ཡང་དག་པའི་ཁ་ཕྱོགས་བརྒྱུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། དུས་རབས་གསར་པའི་འོད་སྟོང་འཕྲོ་བའི་ལག་ལེན་དཔའ་ངར་ཆེར་སྐྱེད་ཀྱིས་ལག་བསྟར་བཅས་བྱས་ནས་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པ་དང་འབད་འབུངས་སྟོབས་བརྩོན་གྱི་ལོ་རྒྱུས་ཀྱི་འཆར་གཞི་བཀོད་པ་དང་། ས་གསུམ་ཟིལ་གནོན་དང་གནམ་ས་བསྒྱུར་བའི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཏེ“དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་བཏོད་ཡོད།

    དུས་རབས་གསར་པར་སླེབས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཐེངས་གཉིས་ཕེབས་ནས་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག“ལོ་རྒྱུས་ཀྱི་ཐེངས་དང་པོ་གཉིས”བཏོད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་གནང་བ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) དུས་སྐབས་གལ་ཆེན་དང་འགག་རྩའི་མཚམས་ཚིགས་སུ་སླེབས་རིམ་བཞིན་བོད་ལ་ཞིབ་དཔྱད་ཕྱོགས་སྟོན་དང་ལམ་སྟོན་མཛུབ་ཁྲིད་གནང་སྟེ། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་སྟངས་འཛིན་དང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག་བོད་ལྗོངས་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་སུ་སླེབས་པ་སྟེ། ས་ཁུལ(གྲོང་ཁྱེར)7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ(གྲོང་ཁྱེར)དུ་འཛུགས་གཏོད་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གི་སྐས་རིམ་གཉིས་ལས་བསྟུད་མར་བརྒལ་བ་དང་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱུན་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་འགྲོ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱུང་ཡོད། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་ཉིན་བཞིན་བརྟན་དུ་ཕྱིན་པ་དང་། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་བརྟན་པོའི་ངང་སྤེལ་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད།

    བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། རླུང་བརྟེན་རླབས་བཤགས་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་མིག་ལྟ་བ་དང་། ཟིལ་རླབས་དགུང་འཕྱུར་གྱི་རླབས་ཆེན་གྱི་རྒྱང་ལམ་ལ་ཞུགས་པ། ཕུགས་འདུན་མངོན་རེ་ཡོད་པའི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ལ་རྒྱང་ལྟ་བྱས་ཤིང་། ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་ཡང་ཡང་བྱུང་བའི་རླབས་ཆེན་གྱི་བདེན་དོན་དེ་ཉིད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ལ་གཏིང་ཟབ་ཟུག་ཡོད་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཚེ། བོད་ལ་གཞི་ནས་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན། ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པའི་འབད་འཐབ་ལྷོད་མེད་བཅས་ཡོད་པས། ང་ཚོས་སྔ་འཛིན་ཕྱི་གཏོད་ཁྲོད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་གཟི་བརྗིད་གསར་པ་གཏོད་ཐུབ་ངེས་རེད།

    ད་ཆ་ཀྲུང་གོ་འདི་ཉིད་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བའི་སྐབས་སུ་གནས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འགག་རྩའི་དུས་སྐབས་སུ་སླེབས་པས། བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་ཐག་དེ་བས་ཉེ་བ་དང་གདེང་ཚོད་དེ་བས་ཆེན་པོ་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ང་ཚོས་ངེས་པར་དུ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་གཏོད་པ་དང་། མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པ། བླ་ན་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་བཅས་བྱེད་པར་ང་ཚོས་ངེས་པར་དུ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་གཏིང་ཟབ་བྱེད་པ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ལག་ལེན་ཁྲོད“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་སོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། དེར་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་སྣོན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་གྱིས་ཏང་དང་། མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    འོད་སྟོང་འཕྲོ་བའི་སྔོན་ཆད་ལོ་རྒྱུས་དེབ་ཐེར་ནང་བཀོད་ཟིན་པ་དང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ནི་འབད་འཐབ་ལས་བྱུང་བ་ཡིན། ཞི་བས་བཅིངས་འགྲོལ་བཏང་ཚུན་བཏོད་པའི་འོད་ཟེར་སྟོང་ལྡན་གྱི་ལམ་བུ་བརྒྱུད་དེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཡངས་པའི་མདུན་ལམ་བསུ་བཞིན། ང་ཚོས་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་གྱིས་ས་མཐོའི་ས་གཞི་ཆེན་པོའི་གནམ་ས་བསྒྱུར་བའི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་མུ་མཐུད་རྩོམ་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་དུས་རབས་ཀྱི་ལེའུ་གསར་རྩོམ་པ། རང་རྟོན་རང་དར་དང་། གཞུང་འཁྱོངས་གསར་འབྱེད། ངར་སེམས་ཆེར་སྐྱེད། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་དེ་བས་དར་རྒྱས་དང་། དེ་བས་ཡར་ཐོན། དེ་བས་མཛེས་སྡུག་ལྡན་པ་བཅས་ཀྱི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།