ཝང་ཅུན་ཀྲེང་གིས་ཀྲུང་ཤིན་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲང་ཝུན་ཝུའུ་དང་བཞུགས་མོལ་གནང་བ།

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་ཤིན་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲང་ཝུན་ཝུའུ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་ཤིན་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲང་ཝུན་ཝུའུ་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲང་ཝུན་ཝུའུ་དང་བཅས་པར་དགའ་བསུ་ཞུས་པ་དང་དུས་ཡུན་རིང་པོའི་ནང་ཀྲུང་ཤིན་ཚོགས་པས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་གངས་ལྗོངས་ས་མཐོར་ཐུགས་ཁུར་གཟབ་བཞེས་གནང་བ་དང་བོད་ཀྱི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་གནང་ཡོད། 2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ། གསུང་བཤད་གལ་ཆེན་ཡང་གནང་བས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པའི་གདེང་ཚོད་དང་ཆོད་སེམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་བཏང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། དུས་ཡུན་རིང་པོའི་ནང་ཀྲུང་གོ་ཀྲུང་ཤིན་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། བོད་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཧུར་ཐག་ཞུགས་པ། ཁ་གཏད་རོགས་སྐྱོར་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཀྲུང་ཤིན་ཚོགས་པ་ནི་སྟོབས་ཤུགས་ཆེ་བ་དང་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཆེན་པོ་ལྡན་པ་ཞིག་རེད། བོད་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། སླད་ཕྱིན་ཀྲུང་ཤིན་ཚོགས་པས་དངུལ་རྩ་དང་དངོས་ལས་མཉམ་དུ་གཉེར་བའི་ལེགས་ཆ་མུ་མཐུད་བཏོན་ཏེ་དངུལ་རྩའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཁྱད་ལྡན་ཅན་དང་། ཧེ་བག་ཅན། གནད་སྨིན་ཅན་བཅས་ཀྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བ་བཅས་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་རམ་འདེགས་བྱས་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པ་དང་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྣམ་པ་གཏོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཐོན་ལས་རིམ་སྤོར་ལ་མཐུན་རྐྱེན་སྦྱར་ནས་ནུས་རྒྱུ་གཙང་མ་སོགས་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། དེང་རབས་ཅན་གྱི་མ་ལག་འཛུགས་པ། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་ཐུན་མོང་ཐོག་སྦྲེལ་མཐུད་བྱེད་པ་བཅས་བྱས་ནས་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱ་རྒྱུ། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་ལག་ལེན་བསྟར་ནས་ཕྱོགས་ཡོངས་དང་ཐབས་ལམ་མང་པོའི་ཐོག་ནས་བོད་སྐྱོར་རྣམ་གྲངས་ཡག་པོ་སྒྲུབ་པ་དང་། ལས་ཞུགས་དང་ཤེས་ལྡན་པའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ། མང་ཚོགས་དེ་བས་མང་པོར་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བཅས་བྱས་ཏེ“ཀྲུང་དབྱང་དང་ས་གནས་མཉམ་ལས”ཀྱི་དཔེ་མཚོན་གཏོད་རྒྱུའི་རེ་བ་ཡོད། བོད་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་སྤུས་ལེགས་ཞབས་ཞུའི་འགན་ལེན་མཁོ་འདོན་དང་། གོ་སྐབས་གལ་ཆེན་མཉམ་སྤྱོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཅས་གཏོང་རྒྱུ་ཡིན།
ཀྲང་ཝུན་ཝུའུ་ཡིས་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་ཤིན་ཚོགས་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཀྲུང་ཤིན་ཚོགས་པ་དང་བོད་དབར་མཉམ་ལས་ཀྱི་རྨང་གཞི་བརྟན་པ་དང་བར་མཐོངས་ཡངས་ཤིང་རྒྱ་ཆེན་པོ་ཡོད། ཀྲུང་ཤིན་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་ཧུར་ཐག་འཁུར་བ། ཐོན་ལས་དང་དངུལ་རྩ་གལ་ཆེ་མཉམ་འཛིན་གྱི་ཕྱོགས་བསྡུས་གཉེར་སྐྱོང་ལེགས་ཆ་གང་ལེགས་འདོན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།