ཝང་ཅུན་ཀྲེང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཟླ་5ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་ལྟ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཚེས་གསུམ་ཐང་ཆུ་སྟེང་སྤྱི་གླིང་དུ་ལྷ་ས་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་ལྷན་དུ་ས་གནས་ས་ཐོག་ནས་གནད་དོན་དག་ཐེར་དང་ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་ཐབས་ལ་ཞིབ་འཇུག་གནང་བཞིན་པ།
ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་འབྲེལ་ཡོད་གནད་དོན་ལན་སྤྲོད་གནང་རྗེས། ཟླ་5ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གནད་དོན་ཐོན་སར་ཕེབས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་ལྟ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་པོ་འཁུར་བ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བསྡུར་བྱེད་པ། བྱ་ཐབས་ནན་པོ་སྤྱོད་པ། འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་ཏེ་གནད་དོན་ཕྱོགས་ཡོངས་ནས་བཅོས་སྒྲིག་མཐར་ཕྱིན་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཚེས་གསུམ་ཐང་ཆུ་སྟེང་སྤྱི་གླིང་དུ་གད་སྙིགས་ཡོད་པ་དང་། དྲི་ངན་ཁ་བ། སྤང་ཁར་གཏོར་སྐྱོན་བཏང་ཡོད་པ་བཅས་ནི་ལྟ་བཤེར་ཚོགས་ཆུང་གིས་བཏོན་པའི་གནད་དོན་གྱི་གྲས་ཤིག་རེད། ཝང་ཅུན་ཀྲེང་གིས་ཐད་ཀར་སྤྱི་གླིང་གི་འཛུལ་སྒོར་ཕེབས་ནས་གནད་དོན་གྱི་ཐོན་རྐྱེན་དང་གནད་འགག་ལ་མཁྱེན་རྟོགས་ནན་ཏན་གནང་སྟེ་ལྷ་ས་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་མཉམ་དུ་དེ་གར་གནད་དོན་དག་ཐེར་དང་ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་ཐབས་ལ་ཞིབ་འཇུག་བྱས་ཤིང་། ཁོང་གིས་གྲོང་ཁྱེར་བཅོས་སྐྱོང་བྱེད་སྐབས་ཚན་རིག་ཅན་དང་། ཞིབ་ཕྲ་ཅན། རིག་ནུས་ཅན་བཅས་ལ་སྣང་ཆེན་གྱིས་ཕར་ཆིན་རྒྱག་པའི་སྙིང་རུས་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་གྱི་གནད་དོན་སྣ་ཚོགས་ཐག་གཅོད་ཞིབ་ཚགས། གྲོང་ཁྱེར་འཁོར་སྐྱོད་ཀྱི་ལས་ཆོད་ཆེ་རུ་གཏོང་བ། སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་བཅོས་སྐྱོང་བྱེད་ཐབས་དེ་རགས་ལས་ནས་གནད་སྨིན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། “མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་དང་མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”འདུ་ཤེས་འཛུགས་པ་དང་། འབྲེལ་གཏུག་ནུས་ལྡན་ཐུབ་པའི་ལམ་སྲོལ་འཛུགས་པ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པར་བརྡ་ལན་ཧུར་ཐག་སློག་པ། སྤྱི་དམངས་ཀྱི་འདུ་ཤེས་དང་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། གྲོང་མིའི་ཐེ་ཞུགས་བྱེད་ཚད་དང་མོས་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་མཉམ་དུ་སྤྱི་པའི་སྒྲིག་ལམ་ལ་སྲུང་བརྩི་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། ལྷ་ས་གྲོང་ཁྱེར་གྱིས་རང་འགུལ་ངང་རྩིས་ལེན་དང་རྩ་ལག་ཟུང་བཅོས་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་མཐའ་འཁྱོངས། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོང་གི་དམག་འཐབ་མུ་མཐུད་ཡག་པོ་རྒྱག་དགོས་ཞེས་བཏོན་གནང་བ་རེད།
ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཁྲེང་ཀོན་ཆུས་ཏུང་ཅུན་ཅིང་ཧྭ་ཧྥུའུ་ཁུལ་ཆུང་དང་ཀརྨ་དགོན་གསར་ཁྲོམ་གཞུང་གི་གྲོང་འདབས་བདེ་སྡོད་ཁུལ་དུ“གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱས་མེད་པ”སོགས་ཀྱི་གནད་དོན་ཡོད་པ་བཏོན་ཡོད། ཝང་ཅུན་ཀྲེང་གྲོང་མིའི་ཁུལ་ཆུང་དུ་ཕེབས་ནས་ལམ་རྒྱུད་ཀྱི་སྤྱི་པའི་སྒྲིག་བཀོད་དང་ཁོར་ཡུག་སྔོ་འགྱུར་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། སྡེ་ཁུལ་རྙིང་པ་ཆུང་གྲས་སྒྱུར་བཀོད་དང་གད་སྙིགས་གཙང་འདྲེན་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། དམངས་འཚོར་དོན་ཆུང་མེད་པས་ཚང་མར་བརྩེ་བ་འཆང་བ་དང་འགན་འཁྲི་འཁུར་དགོས། “དོན་ཆུང”ནི་དམངས་འཚོའི་རྩ་བ་ཡིན་པས་ཚང་མ་མི་སེར་གྱི་བདེ་སྡུག་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱིས་རེ་སྒུག་བྱེད་བཞིན་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ནི་འོད་མདངས་བཀྲ་བའི་ལམ་སྒྲོན་དང་། ལུགས་དང་མཐུན་པའི་རླངས་འཁོར་འཇོག་ས། སྐྱིད་སྣང་དོད་པའི་བྱེད་སྒོ་སྤེལ་ཡུལ་སོགས་ཞིབ་ཕྲའི“དོན་ཆུང”མང་པོ་ཞིག་ལས་གྲུབ་པ་ཞིག་རེད། འབྲེལ་ཡོད་སྡེ་ཚན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས“དོན་ཆུང་དོན་ཆེན་ལྟར་བསྒྲུབས”ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། ཝང་ཅུན་ཀྲེང་གིས་ཁུལ་ཆུང་དུ་ངལ་གསོ་རྒྱག་བཞིན་པའི་ལོ་84ལ་སླེབས་པའི་བགྲེས་སོང་ཚེ་རིང་ཆོས་སྒྲོན་དང་བྱམས་བརྩེའི་ངང་ཅི་འཕྲོས་མོལ་འཕྲོས་གནང་ཞིང་། བགྲེས་སོང་ཁོང་གིས་ཁུལ་ཆུང་གི་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་འདུག་པས་ཉིན་ལྟར་ཁུལ་ཆུང་ནང་འཆམ་འཆམ་བྱེད་པར་འགྲོ་གི་ཡོད་ཅེས་བཤད། གཏམ་དེ་གསན་རྗེས་ཝང་ཅུན་ཀྲེང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། བགྲེས་སོང་ཁོང་ལ་གཟུགས་པོ་གཅེས་སྐྱོང་ཡག་པོ་བྱས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་དང་ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བོད་ལྗོངས་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་ལ།“འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཡིན་པས། སྲུང་སྐྱོང་ཡག་པོ་བྱས་ཏེ་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་དགོས་ཞེས་ཁ་གསལ་བཏོན་གནང་ཡོད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཞིག་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ལམ་སྲོལ་གསར་གཏོད་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཆབ་སྲིད་རང་བཞིན་དང་། སྒམ་ནན་རང་བཞིན། གལ་ཆེའི་རང་བཞིན་བཅས་ཁོང་དུ་གཏིང་ཟབ་ཆུད་པ་དང་། ལྟ་བཤེར་རང་རྟོགས་ངང་དང་ལེན་བྱེད་པ། ཆད་སྐྱོན་དང་ཞན་ཆར་ཕྱོགས་ཡོངས་ནས་ཞིབ་ལྟ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་དང་དག་ཐེར་ནན་པོ། སྤུས་ཚད་མཐོ་པོ་དང་ལས་ཕྱོད་ཆེན་པོས་ལྟ་བཤེར་གྱི་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ། དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་ཡོད་པ་བཅས་བྱས་ཏེ། ལྟ་བཤེར་དང་ལེན་བྱེད་པའི་བརྒྱུད་རིམ་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་གཅིག་གྱུར་ནུས་ལྡན་ཡོང་བ་མཐའ་འཁྱོངས་བྱས་ཏེ། ལྟ་བཤེར་གྱི“ནད་ཡོད་སྨན་བཅོས”དང“ནད་མེད་སྔོན་འགོག”གི་ནུས་པ་གང་ལེགས་འདོན་པ་དང་། བསྒྲུབ་རྒྱུར་སྤྲད་པའི་གྱོད་གཞིའི་ཁྲོད་བསམ་གཞིག་ཡང་ཡང་དང་བསླབ་བྱ་བསྡུ་ལེན། ཟུར་བསྟན་ལེབ་མཐོང་གིས་བརྒྱུད་རིམ་རང་བཞིན་དང་ཁུངས་འདེད་རང་བཞིན་གྱི་གྲལ་བཤེར་དང་བཅོས་སྒྲིག ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྩ་ལག་ཟུང་བཅོས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དག་ཐེར་ལས་དོན་ཁྲོད་ཁྲལ་སེལ་སླ་བཅོས་ཀྱིས་དག་ཐེར་བྱེད་པ་དང་། ཕྱི་ཚུལ་ནས་དག་ཐེར་བྱེད་པ། “དབྱེར་མེད་གཅིག་མཚུངས”ཀྱིས་དག་ཐེར་བྱེད་པ་བཅས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་སུ་བརྩི་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། སྔོ་རྒྱ་ཆེར་གཏོང་། འཕར་བ་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཚན་རིག་དང་མཐུན་པའི་ངང་ལག་ལེན་བསྟར་བ། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་མཛེས་བཟོ་ཡག་པོ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་རྒྱུར་དམིགས་པ་བཅས་བྱས་ཏེ། ཁོར་ཡུག་བཅོས་སྐྱོང་གི་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།