དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-20

    ཟླ་5ཚེས་18ཉིན། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ།

    ཟླ་5ཚེས་18ཉིན། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།

    ● ཉམས་མྱོང་ཕྱོགས་སྡོམ་དང་ཡང་འབད་བསྐྱར་འབད་ཀྱིས་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ཏན་ཏིག་དང་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཟླ་5ཚེས་18ཉིན། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཉམས་མྱོང་ཕྱོགས་སྡོམ་དང་ཡང་འབད་བསྐྱར་འབད་ཀྱིས་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ཏན་ཏིག་དང་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ལའེ་ཅའོ་ཡིས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་གནང་བ་དང་། རེན་ཝེ་དང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཤའོ་ཡིའུ་ཚའེ། ཀྲའོ་ཕེང་། མོང་ཞའོ་ལིན་བཅས་ཕེབས་ཡོད་པ་རེད། ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ལས་བྱེད་པ་གྲོང་སྡོད་ལས་དོན་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དང་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད་ལ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་བླང་བྱ་གལ་ཆེན་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་དམིགས་ནས་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་དེ། བོད་སྐྱོང་བོད་བརྟན་བོད་དར་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདུ་འགོད་ཅིག་ལ་བརྩིས་ཏེ་དམ་འཛིན་བྱེད་པ་དང་། ཉམས་མྱོང་ཕྱོགས་སྡོམ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། དུས་རབས་གསར་པའི་གྲོང་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་ཁག་ལྔ”ཁ་གསལ་བཟོ་བ། སྒྲིག་འཛུགས་ཚགས་ཚུད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། མངགས་སྡོད་བྱེད་སྟངས་ལེགས་སུ་གཏོང་བ། འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་དོན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོང་སྡོད་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། གྲོང་སྡོད་ལས་དོན་རུ་ཁག་ཁག་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལ་གཞོལ་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པ་བཅས་ཀྱི་གཙོ་གནད་ལས་འགན་ལྔར་དམིགས་ནས་གཞི་རིམ་དུ་རྩ་བ་ཚུགས་པ་དང་རང་འགན་གཙང་སྒྲུབ་དང་། ཁག་ཐེངས་རེ་རེས་རྒྱུན་མཐུད་དེ་སྒྲུབ་པ། དམིགས་ཡུལ་འཐབ་ས་དང་པོར་ལག་ལེན་དང་། སྲིད་ཇུས་འཐབ་ས་དང་པོར་དོན་འཁྱོལ། གནད་དོན་འཐབ་ས་དང་པོར་ཐག་གཅོད་བཅས་བྱས་པས། ཞིང་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་ཕྱིན་པ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ད་ལོའི་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པར་སྤྱི་ཡོངས་ལ་དམིགས་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གྲོང་སྡོད་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས་ཤིང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་དྲིལ་བསྒྲགས། ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་བྱས་པའི་མཛད་རྗེས་རླབས་པོ་ཆེ་དྲིལ་བསྒྲགས། དུས་རབས་གསར་པའི་བོད་ཀྱི་བྱ་གཞག་ཁག་ལ་བྱུང་བའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་གཅིག་སེམས་གཅིག་དང་ཕྱོགས་མཐུན་མདུན་སྐྱོད་ཐུབ་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། གཞི་རིམ་བཅོས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་ཤིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་གཏོང་བ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་རྒྱུན་དུ་སྒྲུབ་པ་དང་། རྟག་ཏུ་སྒྲུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱེད་པ། “གསུམ་བྱས་པ་གསུམ”གྱི་ལས་དོན་སྒྲུབ་ཐབས་ཟབ་ཏུ་གཏོང་བ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་བརྟན་པོར་བཙུགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། “ལོ་རྒྱུས་ལྔ”དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ། ལས་དོན་ཁག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཞིང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་གཏོང་དང་། མི་སེམས་གཅིག་སྒྲིལ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་བཅས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཧུར་ཐག་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ས་མཐོའི་མཛེས་མཐུན་གྲོང་གསེབ་སྐྲུན་མགྱོགས་སུ་གཏོང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་དགོས། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་རྒྱུན་མཐུད་ངང་རོགས་རམ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་སྔར་བས་སྲ་ཞིང་བརྟན་པར་སྐྲུན་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེན་སྐྲུན་པ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་སྐྱོད་པ། “ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་། ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་དང“ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་ཆེན་པོ་བྱེད་པའི”བྱེད་སྒོ་ཏན་ཏིག་སྤེལ་བ་བཅས་བྱས་ཏེ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་བཏང་ནས་ཏང་དང་སྲིད་གཞུང་ལ་མང་ཚོགས་ཀྱི་བློ་ཁ་ཕྱོགས་ནུས་དང་གོང་བུ་འགྲིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པའི་གྲོང་སྡོད་ལས་དོན་ལ་སྲ་ཞིང་བརྟན་པའི་འགན་སྲུང་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འགན་འཁྲི་ནན་དུ་དང་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་སྡོད་ལས་དོན་གྱི་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལས་ཀའི་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་དེ་བཞིན་བྱེད་ཐབས་ཡག་པོ་དང་ཉམས་མྱོང་ཡག་པོ་ཕྱོགས་སྡོམ་ནན་ཏན་བྱས་ནས་ལས་ཀའི་ཕན་ནུས་ཆེ་རུ་གཏོང་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་དང་། གཞི་རིམ་གྱི་འཐབ་ས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར། བཀོལ་སྤྱོད་བཅས་བྱེད་པར་སྣང་ཆེན་བྱེད་དགོས། སྔོན་ཐོན་དཔེ་མཚོན་འདེམས་འཛུགས་ཤུགས་ཆེན་བྱེད་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་ཡག་པོ་གཏོད་པ་བཅས་བྱེད་དགོས། གྲོང་སྡོད་རྒྱ་ཆེའི་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ། དམངས་ལ་བདེ་རྩ་སྐྲུན་པ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩི་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། མང་ཚོགས་ཀྱིས་མཐོང་ཐུབ་པ་དང་། ཚོར་ཐུབ་པ། ཕན་པ་དངོས་ཐོབ་པ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུར་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར། གྲོང་སྡོད་ལས་བྱེད་པ་ཁག་བཅོ་ལྔ་པའི་འཐུས་མི་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།