བསོད་ནམས་ཉི་མས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་བ།
ཟླ་5ཚེས་6ནས་ཚེས་10ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དང་། དགེ་རྒྱས་རྫོང་། སྒར་རྫོང་། རྩྭ་མདའ་རྫོང་བཅས་སུ་བརྟག་ཞིབ་གནང་ནས་ཆོས་ལུགས་ལས་དོན་བཅོས་སྒྲིག་དང་། དགོན་སྡེའི་མེ་ཟོན་བདེ་འཇགས། དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ། འཐབ་ཕྱོགས་གཅིག་གྱུར་གྱི་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་འབྲེལ་དགོན་སྡེའི་གྲྭ་བཙུན་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
བསོད་ནམས་ཉི་མ་ཁྲུས་སྒོ་དགོན་དང་། འབྲི་རྭ་དགོན། པྲེ་ཏ་པུ་རི་དགོན། མཐོ་ལྡིང་དགོན་སོགས་སུ་ཕེབས་ཏེ་དགོན་སྡེ་དོ་དམ་དང་། རིག་དངོས་སྲུང་སྐྱོང་། མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་མཁྱེན་རྟོགས་གནང་བ་མ་ཟད། དགོན་སྡེའི་གྲྭ་བཙུན་དང་། གཞི་རིམ་ལས་བྱེད་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་བཅས་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ཁོང་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་། ཆོས་ལུགས་བྱེད་སྒོ དགོན་སྡེའི་གྲྭ་བཙུན་བཅས་ལ་ཁྲིམས་བཞིན་དོ་དམ་ཚད་ལྡན་བྱས་ནས་ཆོས་ལུགས་ལས་དོན་གྱི་འགན་འཁྲི་ནན་དུ་བཏང་སྟེ་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་གཏིང་ཟབ་དང་ཏན་ཏིག་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ། དཀའ་ངལ་ཡོད་པའི་གྲྭ་བཙུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། དད་ལྡན་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། མངའ་རིས་ས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་གནའ་རྫས་རྟོག་ཞིབ་ལས་དོན་དང་ལོ་རྒྱུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། རིག་དངོས་དང་གནའ་ཤུལ་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་རྒྱུན་ཆད་མེད་པར་གཏོང་དགོས། དགོན་སྡེའི་མེ་ཟོན་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ། མེ་ཟོན་ཡོ་ཆས་བཀོད་སྒྲིག་ཡག་པོ་བྱེད་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མེ་ཟོན་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་བསམ་པའི”ཐོག་ནས་མེ་ཟོན་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།