ཏང་དར་མཐོན་པོར་བསྒྲེངས། བདེ་ཐང་སྲུང་སྐྱོང་བྱས།
ནག་ཆུ་གྲོང་ཁྱེར་ལྟེ་བའི་ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁྲག་བཙག་ཁྲག་འདོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ནག་ཆུ་གྲོང་ཁྱེར་ལྟེ་བའི་ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱིས་ལྷ་རི་རྫོང་དུ་ཚོགས་སྒྲིག་ཁྲག་བཙག་བྱེད་སྒོ་སྤེལ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ལྟེ་བའི་ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་ཁྲག་བཙག་ཁྲག་འདོན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་པ་དང་། ས་ཚིགས་ཡོངས་ཀྱི་ལས་བཟོའི་སྣེ་ཁྲིད་ནས་བརྩེ་བ་ཟབ་མོ་དང་ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་དང་ཁྲག་བཙག་ཁྲག་འདོན་ཟུང་འབྲེལ་གྱི་སྦྲེལ་ཐག་ཧྲིལ་པོའི་ཞབས་ཞུའི་མ་ལག་བཙུགས་པ། ནད་ཐོག་སྨན་བཅོས་ལ་མཁོ་བའི་ཟུངས་ཁྲག་གི་བདེ་འཇགས་འགན་ལེན་བྱེད་པ་དང་། འཕྲལ་སྡོམ་འགན་ལེན་ནུས་པ་ཆེ་རུ་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་སྟངས་ལེགས་སུ་གཏོང་བ་བཅས་ཀྱི་ཁྲོད་དུ་རྣམ་དག་འབད་སྒྲུབ་སྔར་ལས་ལྷག་པ་མངོན་པར་བྱས་ཡོད། 2025ལོ་ནས་2026ལོའི་ཟླ་3པའི་བར། གྲོང་ཁྱེར་ཡོངས་སུ་རིན་མེད་ཁྲག་འབུལ་བྱེད་མཁན་མི་ཐེངས་1084ཟིན་པ་དང་ཁྲག་ཧའོ་ཧྲེང་ཁྲི་28.87བཙག་སྟེ། གྲོང་ཁྱེར་ཡོངས་ཀྱི་ནད་ཐོག་སྨན་བཅོས་ཐད་ཀྱི་མྱུར་སྐྱོབ་དང་རྒྱུན་མཁོའི་ཟུངས་ཁྲག་གི་དགོས་མཁོ་སྐོང་ཐུབ་པ་བྱུང་ཡོད།
དཔུང་ཁག་སྦྱོང་བརྡར་བྱས།
དཀའ་ཉེན་བྲེལ་ལྕིའི་མདུན་དུ་གདོང་མཆོང་བྱེད་པ།
ཏང་ཀྲི་པུས་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་གྱི་འགན་འཁྲི་འཁུར་ཁུལ་དང་གདོང་ལེན་དཔེ་སྟོན་ལས་གནས་བཙུགས་པ་མ་ཟད། ད་དུང“ཏང་ཡོན་གྱི་ཁྲག་བཙག་འཕྲལ་སྒྲུབ་རུ་ཁག”དང“འཕྲལ་སྡོམ་ཁྲག་འདོན་འཕྲལ་སྒྲུབ་རུ་ཁག”ཀྱང་བཙུགས་ཡོད། ཁྲག་བཙག་ཁྲག་འདོན་དང་། ཟུངས་ཁྲག་དོ་དམ། ཞབས་ཞུ་ལེགས་གཏོང་སོགས་འགག་རྩའི་ལས་གནས་སུ་ཏང་ཡོན་ལས་བྱེད་པའི་ཐོབ་ཐང་གསལ་སྟོན་དང་། ཁས་ལེན་ལག་བསྟར། མིག་དཔེ་རང་སྟོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
རང་བྱུང་གནོད་འཚེ་དང་ཐོལ་བྱུང་དོན་རྐྱེན་གྱི་མདུན་དུ་དཔུང་ཁག་དེས་འཐབ་འཛིང་བྱེད་ནུས་སྔར་བས་ཆེན་པོ་མངོན་པར་བྱས་ཤིང་། ན་ནིང་དིང་རི་རྫོང་དུ་ས་ཡོམ་བརྒྱབ་པའི་གནས་ཚུལ་གོ་ཐོས་བྱུང་མ་ཐག་ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱི་ཏང་ཀྲི་པུས“རིན་མེད་ཁྲག་འབུལ་ཁྲག་འདོན་འགན་ལེན་གྱི་འཕྲལ་སྡོམ་སྔོན་ཇུས”འཕྲལ་མར་ལག་ལེན་བསྟར་ཏེ། ལས་བྱེད་ལས་བཟོ་25སྒྲིག་འཛུགས་བྱས་ནས་ཁྲག་ཧའོ་ཧྲེང་6000ཕུལ་བ་དང་འབྲེལ། མི་70ལྷག་ཙམ་ཡོད་པའི་འཕྲལ་སྡོམ་ཁྲག་འབུལ་རྗེས་གྲབས་དཔུང་ཁག་བཙུགས་ནས་གེགས་ཁུལ་གྱི་ཁྲག་གི་དགོས་མཁོ་འགན་ལེན་ནུས་ལྡན་བྱས་ཡོད། ཁྲག་འབུལ་མཁན་ཉུང་བའི་དུས་སྐབས་ཡིན་ནའང་འདྲ། ཡང་ན་གློ་བུར་དུ་གནོད་འཚེ་བྱུང་བའི་དུས་སྐབས་ཡིན་ནའང་འདྲ། གང་ལྟར་གང་དུས་ཡིན་རུང་ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱི་ཏང་ཀྲི་པུའུ་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་འགན་སྲུང་བྱེད་མཁན་གྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་རེད།
དོ་དམ་ལེགས་པར་བྱས།
ས་མཐོའི་མང་ཚོགས་ཀྱི“སྲོག་ཐིག་དམར་པོ”བསྲུངས་པ།
ནག་ཆུ་གྲོང་ཁྱེར་ལྟེ་བའི་ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་དང་ཁྲག་བཙག་ཁྲག་འདོན་ལས་སྒོ་མཉམ་དུ་ཇུས་འགོད་དང་། བཀོད་སྒྲིག དཔྱད་ཞིབ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་དོ་དམ་ཚོད་འཛིན་དང་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ཡོད།
སྤུས་ཚད་མ་ལག་རིམ་སྤོར་འགག་སྒྲོལ་ཁྲོད་དུ། ཏང་ཡོན་ལག་རྩལ་རྐང་འཛིན་པས་སྣེ་ཁྲིད་དེ་དཀའ་བར་མི་འཛེམ་པར་མདུན་དུ་བསྐྱོད་ཅིང་། བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱིས་ས་ཚིགས་བཙུགས་ཚུན་གྱི་ཕྱོགས་ཡོངས་ལ་ཁྱབ་པའི་ནང་ཁུལ་ཞིབ་དཔྱད་ཐེངས་དང་པོ་བྱས་ཏེ། སྤུས་ཚད་དོ་དམ་མ་ལག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་སྤུས་ཚད་ལག་དེབ་དང་གོ་རིམ་ཡིག་ཆ་སོགས་པར་གཞི་Aནས་པར་གཞི་Bལ་གསར་བརྗེས་བྱས་ཡོད། 2025ལོར་ཚན་ཁག་ཁག་སྒྲིག་འཛུགས་བྱས་ནས་སྤུས་ཚད་ཚོད་འཛིན་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་རྒྱུན་རྣམ་ཅན་གྱི་ཞིབ་བཤེར་ཐེངས་30ལྷག་ཙམ་བྱས་པ་བརྒྱུད། གནད་དོན་ཁག་41ཤེས་རྟོགས་བྱུང་བ་ཚང་མ་བཅོས་སྒྲིག་གནད་འཁེལ་བྱས་ཡོད།
གཞི་གྲངས་ནི་གནད་དོན་གསལ་བཤད་ཐུབ་ཤོས་ཡིན་ཞིང་། 2025ལོར་ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱིས་དངོས་དཔེ་1001ལ་ཞིབ་དཔྱད་ཚད་ལེན་བྱས་པ་དེ་ལོ་གོང་མ་ལས་30.8%འཕར་བ་དང་ཚད་གཞི་མ་ལོན་ཚད་3.5%བར་ཆག་པ་དང་། རྩབས་ཀྱི་རིམས་ཐར་ཞིབ་དཔྱད་ཚད་ལེན་དང་ཉིང་སྐྱུར་ལ་ཞིབ་དཔྱད་ཚད་ལེན་བྱེད་ཚད་ཆ་སྙོམས་100%ཟིན་ནས་གོ་མི་ཆོད་པ་ཐོན་ཚད་0དང་སྙན་ཞུ་དུས་ཐོག་ཏུ་འདོན་ཚད་100%ཟིན་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཐོག་ཞིབ་བཤེར་ལྟེ་གནས་ཀྱི་རྩབས་ཀྱི་རིམས་ཐར་དང་། ཁྲག་རིགས། ཨེམ་སྒྱུར་རྩབས། ཉིང་སྐྱུར་སོགས་རྣམ་གྲངས་ཁང་དབར་གྱི་སྤུས་ཚད་ཚོད་སྐོར་ནང་ཞུགས་པར་ཕུལ་བྱུང་གྲུབ་འབྲས་ཐོབ་ཡོད།
མང་ཚོགས་ལ་ཞབས་འདེགས་ལེགས་པར་ཞུས།
ཏང་དང་མང་ཚོགས་དབར་གྱི“སེམས་སྦྲེལ་ཟམ་པ”བཙུགས་པ།
ནག་ཆུ་གྲོང་ཁྱེར་ལྟེ་བའི་ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱི་ཏང་ཀྲི་པུས་ཁྲག་འབུལ་མཁན་དང་ཁྲག་སྤྱོད་མཁན་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་དམངས་ལ་བྱ་བ་དངོས་བསྒྲུབ་རྒྱུ་དེ་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་གདལ་བཏང་བའི“ཞིང་ཆེན་སྒྲོལ་བའི་ཡུལ་གཞན་གྱི་ཁྲག་རིན་ཆག་ཡང་དང་རྩ་ཆག་གཏོང་བའི”ལས་དོན་ནི་དམངས་བདེ་དམངས་ཕན་གྱི་བྱ་བ་དངོས་ཤིག་རེད། ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱིས་དེ་གཙོ་གནད་ལས་དོན་ནང་བཅུག་ནས་ཆེད་དོན་གསོ་སྦྱོང་དང་། ཐབས་ལམ་མང་པོས་དྲིལ་བསྒྲགས། བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་བཅས་བྱས་ཏེ། “གཞི་གྲངས་བརྒྱུད་བསྐུར”བྱས་ཏེ“མང་ཚོགས་ཕར་རྒྱུག་ཚུར་རྒྱུག”བྱེད་མི་དགོས་པ་བྱུང་ཡོད། མིག་སྔའི་བར་མི་ཐེངས་6གི་ཁྲག་རིན་ཆག་ཡང་དང་རྩ་ཆག་བཏང་ནས་སྲིད་ཇུས་ཀྱི་ཕན་པ་དམངས་ལ་དངོས་འབྲེལ་ཐོབ་པར་བྱས་ཡོད།
ཏང་ཡོན་གྱི“འབྱོར་ཐོ་གཉིས”དང་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་སོགས་ལ་བརྟེན་ཏེ། ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱི་ཏང་ཡོན་ལས་བྱེད་པས་སྡེ་ཁུལ་སོགས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་སློབ་གསོ་དང་། རིན་མེད་ཁྲག་ཤེད་ལྟ་བ། ཁྲག་རིགས་དབྱེ་བཤེར། དེ་བཞིན་འགོས་ནད་དབྱེ་བཤེར་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་དུས་བཀག་ལྟར་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་དུ་བསྐྱོད་དེ་རོགས་སྐྱོར་ལས་དོན་སྤེལ་ཡོད། མི་སེམས་དྲོ་བར་བྱེད་པའི་བྱེད་ཐབས་དེ་དག་ལས་ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱི་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་པ་མ་ཟད། ཏང་དང་མང་ཚོགས་དབར་གཟུགས་མེད་ཀྱི“སེམས་སྦྲེལ་ཟམ་པ”ཞིག་དེ་བས་ཀྱང་བསྐྲུན་ཡོད།
འགོ་འཛུགས་ས་གསར་པར། ནག་ཆུ་གྲོང་ཁྱེར་ལྟེ་བའི་ཁྲག་བཙག་ཁྲག་འདོན་ས་ཚིགས་ཀྱིས་ཏང་འཛུགས་སྐྱོང“གསར་བརྗེའི་སྒུལ་ཤུགས”སུ་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་དཔུང་ཁག་ལ་སྣེ་ཁྲིད་བྱེད་པ། དཔུང་ཁག་ལ་བརྟེན་ནས་ལས་སྒོར་སྐུལ་འདེད་གཏོང་བ་བཅས་མུ་མཐུད་བྱས་ཏེ་བསམ་བློ་དང་། རྩ་འཛུགས། ལམ་ལུགས། ལས་སྒོ རིག་གནས། ཞབས་ཞུ་བཅས་ཕྱོགས་མང་གི་མཉམ་འདྲེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།