ཞུས་ཀྲི་ཝུན་གྱིས་རང་ལྗོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ནས་རང་ལྗོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་བརྒྱུད་གཏོང་དང་། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས། དྲིལ་བསྒྲགས་ཀྱི་ཐོན་རྫས་བཟོ་བ་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།
ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་སྐབས། ཞུས་ཀྲི་ཝུན་གྱིས་བརྒྱུད་གཏོང་ས་ཚིགས་ཀྱི་འཁོར་སྐྱོད་དང་། ལེ་ཚན་སྒྲིག་བཟོ། བདེ་འཇགས་ངང་སྟོན་པ། དཔུང་ཁག་འཛུགས་སྐྱོང་། ལས་རེས་ལྟ་སྲུང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་སུ་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། སྲིད་ཇུས་ལེགས་པར་སྤྱོད་པ་དང་། བདེ་འཇགས་ཀྱི་འགན་འཁྲི་ནན་དུ་གཏོང་བ། མ་དངུལ་དང་། མི་སྣ། ལག་རྩལ་སོགས་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཏང་གི་གསུང་སྒྲ་བདེ་འཇགས་དང་། གནད་འཁེལ། ནུས་ལྡན་བཅས་ཀྱིས་ཁྱབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཞུས་ཀྲི་ཝུན་གྱིས་རང་ལྗོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་ལས་དོན་ལ་ཁས་ལེན་གནང་བ་དང་འབྲེལ་ཚང་མར་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས། རླུང་འཕྲིན་བརྙན་འཕྲིན་ནི་གཙོ་རྒྱུན་གླེང་ཕྱོགས་ཀྱི་འཐབ་ས་གལ་ཆེན་ཞིག་ཡིན་པས། འགན་འཁྲི་དམིགས་བསལ་ཆེ་ལ་ལས་འགན་ཡང་གལ་ཆེ་བས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་ཤིང་། ཏང་གི་སྨྱན་སྦྱོར་གྱི་ངོ་བོ་ཏང་ཡིན་པ་དང་ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། རིན་ཐང་གི་ལྟ་བ་བཅས་ལ་སྟངས་འཛིན་ནན་པོ་བྱེད་དགོས། ལྟེ་བར་དམིགས་ཏེ་དྲིལ་བསྒྲགས་ལ་དམ་འཛིན་བྱེད་དགོས་ཤིང་། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ཏང་གི་དམངས་ཕན་སྲིད་ཇུས་དང་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་པའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་པར་བྱེད་དགོས། གཙོ་རྐང་ལ་འབད་འབུངས་ཀྱིས་མི་སེམས་གཅིག་ཏུ་སྒྲིལ་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། མཐའ་ཚད་བརྟན་སྲུང་གིས་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཤིང་། ནང་དོན་ཞིབ་བཤེར་བྱེད་པའི་འགག་སྒོ་ནན་པོ་སྲུང་བ་དང་བདེ་འཇགས་སྤེལ་གཏོང་ལ་འགན་ལེན་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། སྐད་གཉིས་ནས་དམངས་འཚོར་ཕན་འདོགས་པའི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། སྐད་གཉིས་ལེ་ཚན་ཕུན་སུམ་ཚོགས་སུ་བཏང་ནས་མང་ཚོགས་ཀྱི་ཁས་ལེན་ཐོབ་ཚད་མཐོ་རུ་གཏོང་དགོས། མཉམ་འདྲེས་སྨྱན་སྦྱོར་གྱི་སྤུས་ཚད་མཐོར་གཏོང་དང་ཤུགས་རྐྱེན་ཆེར་བསྐྱེད་ལ་དོ་སྣང་བྱེད་དགོས་ཤིང་། ནང་དོན་དང་། རྣམ་པ། བྱ་ཐབས་བཅས་གསར་གཏོད་དང་། དྲ་རྒྱའི་ཐོག་གི་ལྟ་ཉན་ཐོན་རྫས་སྔར་བས་མང་བ་གསར་རྩོམ་བྱས་ནས། གཙོ་རྒྱུན་སྨྱན་སྦྱོར་གྱི་ཁྲིད་སྟོན་ནུས་པ་དང་། བརྒྱུད་སྤེལ་ནུས་པ། ཤུགས་རྐྱེན་ཐེབས་ནུས་བཅས་ཆེ་རུ་གཏོང་དགོས། བརྩམ་བྱ་རྩེ་གྲ་གསར་རྩོམ་བྱེད་པར་བརྟེན་ནས་གཟུགས་བརྙན་གཏོད་དགོས་ཤིང་། ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱེད་པ་དང་། སྤུས་ལེགས་ཀྱི་ནང་དོན་མང་དུ་བཏང་སྟེ་དྲ་རྒྱའི་བར་མཐོངས་གང་བར་བྱས་ནས་དྲང་ནུས་སྔར་བས་ཆེ་རུ་གཏོང་དགོས། དཔུང་ཁག་ནན་པོས་བསྐྱངས་ནས་ཁྲིད་ནས་སྤྱོད་ཚུལ་ལེགས་སུ་གཏོང་དགོས་ཤིང་། ལས་རིགས་ཀྱི་སྤྱོད་ཚུལ་ནན་པོ་སྲུང་བ་དང་ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རླུང་འཕྲིན་བརྙན་འཕྲིན་གྱི་ཤེས་ལྡན་པའི་དཔུང་ཁག་ཅིག་བཏོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ཕུལ་དགོས་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།