དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་2026ལོའི་རང་སྐྱོང་ལྗོངས་ཀྱི་ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-11

    ཟླ་5ཚེས་8ཉིན། 2026ལོའི་རང་སྐྱོང་ལྗོངས་ཀྱི་ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་སྤྱི་འདོམས་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་2025ལོའི་ལྗོངས་ཡོངས་ཀྱི་ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་དང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ནགས་དཔོན་དང་ཆུ་དཔོན་མཚོ་དཔོན་གྱི་ལས་འགན་སྒྲུབ་ཚུལ་གསལ་ཞུ་གསན་པ་དང་2026ལོའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ལོ་གཅིག་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་ལ་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་སྤྱི་འདོམས་བྱས་པས། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ལ་ཆུ་ཚད་མཐོ་པོས་སྲུང་སྐྱོང་བྱེད་པར་ཐུན་མོང་ཡར་རྒྱས་བྱུང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཡིན་པ་དང་བོད་ལ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་བརྩིས་ཏེ། ནགས་བརྟེན་ཆུ་བཅོས་དང་། ཆུ་བརྟེན་ནགས་འཕེལ། རི་ཆུ་མཉམ་བཅོས་བཅས་ཀྱི་ལས་ཀའི་རྣམ་པ་གསར་པ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་ཞན་ཆ་བསལ་ནས་བོད་ཀྱི་ནགས་བཅོས་ཆུ་བཅོས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། བརྒྱུད་རིམ་ལྡན་པའི་ལྟ་བ་མཐའ་འཁྱོངས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་ལས་ཀའི་བཀོད་སྒྲིག་ལ་ནན་ཏན་གཞིཌ་ཏེ། མིག་སྔའི་དུས་བབ་ལ་ངོས་འཛིན་གང་ལེགས་ཐུབ་པར་བྱེད་པ་དང་། ལག་བསྟར་དོན་འཁྱོལ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ། སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་དང་། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས། ས་ཁོངས་མཐུན་སྦྱོར་དང་སྡེ་ཚན་མཐུན་སྦྱོར། སྲིད་གཞུང་གིས་གཙོ་ཁྲིད་དང་མང་ཚོགས་ཐེ་ཞུགས་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ། ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པའི་ལམ་སྲོལ་འཚོལ་ཞིབ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བྱེད་དགོས། ནགས་དཔོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་བྱ་གཞག་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། ནགས་རྩྭའི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་བ། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་སྐུལ་འདེད་གཏོང་བ། ནགས་ཚལ་གྱི་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས“མཛོད་བཞི”མཉམ་འགུལ་ལ་སྤྱི་འདོམས་བྱེད་པ། ནགས་གསེབ་དཔལ་འབྱོར་དང་སྐྱེ་ཁམས་ཡུལ་སྐོར་སོགས་ཐོན་ལས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ནུས་ལྡན་ཡོང་བར་བྱེད་པ། ནགས་རྩྭའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་འགོག་སེལ་བཅས་བྱས་ནས་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་པོའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་དོན་འཁྱོལ་ནན་པོ་བྱས་ཏེ་ཆུ་མཚོ་དོ་དམ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཆུ་གྲོན་ཆུང་སྔོན་འཇོག་དང་། བར་མཐོངས་དོ་སྙོམས། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་གཉིས་ནས་ཤུགས་རྒྱག་པ་བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆུའི་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། ཆུ་བེད་གཙོ་གནད་ལས་གྲྭ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱེད་པ། ཁྲིམས་འགལ་བཙོག་འབུད་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ཆུ་མཚོ་མཛོད་གསུམ་གྱི“ཟང་ཟིང་བཞི་གཙང་སེལ”ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་དང་ཆར་ཆུ་དང་བཙོག་ཆུ་ལོགས་གཏོང་སྒྱུར་བཀོད་མགྱོགས་པོ་བྱེད་པ། འདམ་ར་སླར་གསོ་དང་སྐྱེ་ཁམས་སླར་གསོའི་ལས་གྲྭ་ལག་བསྟར་ཡག་པོ་བྱེད་པ། ཆུ་མཚོ་དོ་དམ་གྱི་ཚན་རིག་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གནོད་འཚེའི་གནས་ཚུལ་སྔོན་བརྡ་གཏོང་ནུས་དང་ཆུ་ལོག་སྔོན་འགོག་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་མུ་མཐུད་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ཏང་ཀྲུང་དབྱང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པའི་འགན་ལེན་བྱེད་དགོས། ལས་ཀའི་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དུས་ཐོག་ཏུ་ཞིབ་འཇུག་བཀོད་སྒྲིག་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ནགས་དཔོན་དང་ཆུ་དཔོན་མཚོ་དཔོན་ཚོས“འགན་འཁུར་བ་ཨང་དང་པོའི”འགན་འཁྲི་ཕྲག་ཏུ་འཁུར་བ་དང་ཁོངས་ཞུགས་ཚན་པ་ཁག་གིས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ། ནགས་ཆུ་བཅོས་སྐྱོང་ལས་དོན་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འགུལ་རྣམ་ལེགས་སྒྲིག་དང་འགན་འཁྲི་རིམ་གསབ་ཀྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ་དང་། ཕྱོགས་བསྡུས་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་བྱེད་པ། དྲ་མིག་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཆུ་མཚོར་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འབྱུང་རྩ་ནས་བཅོས་སྒྲིག་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་ནགས་བཅོས་ཆུ་བཅོས་ལས་དོན་དེ་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་པ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པར་དེ་བས་གཙིགས་ཆེན་བྱེད་པ། དོན་དངོས་དང་བསྟུན་པ་དང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བདེ། སྐྱེ་ཁམས་དམངས་ཆེད་བཅས་ལ་དེ་བས་ཤུགས་སྣོན་རྒྱག་པ། འཕྲལ་སྒྲུབ་འཕྲལ་བཅོས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལན་སྤྲོད་གནད་དོན་དག་ཐེར་བཅོས་སྒྲིག་བྱེད་པར་དམ་འཛིན་ཡག་པོ་བྱེད་པ། ཡོངས་ཁྱབ་རང་བཞིན་དང་བརྒྱུད་རིམ་རང་བཞིན་ལྡན་པ་དང་དེ་བཞིན་མི་དམངས་མང་ཚོགས་ཀྱིས་བསམ་འཆར་མང་བའི་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བཅས་བྱེད་དགོས། སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་སྐྲུན་པར་གཙིགས་ཆེན་བྱེད་པ་དང་། དཔེ་མཚོན་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། ཚོར་སྣང་གི་ངོས་འཛིན་དེ་དཔྱོད་ཤེས་ཀྱི་ངོས་འཛིན་ལ་མཐོར་འདེགས་བྱེད་པ། སྤྱོད་གོ་ཆོད་པའི་བྱེད་ཐབས་ཡག་པོ་དང་ཉམས་མྱོང་ཡག་པོ་སྲ་བརྟན་དུ་གཏོང་བ། སྤྱི་དམངས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ནུས་པ་འདོན་པ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྐྱེ་ཁམས་ལ་གཅེས་སྤྲས་དང་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།