ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཆ་འཕྲིན་འཕྲིན་གཏོང་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།
ཟླ་5ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཆ་འཕྲིན་འཕྲིན་གཏོང་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ་རེད།
ཆ་འཕྲིན་འཕྲིན་གཏོང་ལས་རིགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། སྔོན་ཁྲིད་རང་བཞིན་བཅས་ཀྱི་ལས་རིགས་ཤིག་རེད། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་སུ་ཀརྨ་ཚེ་བརྟན་གྱིས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། བརྙན་ལམ་བརྒྱུད་འཐབ་ས་དང་པོའི་འཕྲིན་གཏོང་འགན་སྲུང་མི་སྣར་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་གཙོ་འགན་གཙོ་ལས་ལ་དམིགས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཆ་འཕྲིན་འཕྲིན་གཏོང་ཞབས་ཞུ་མཁོ་སྤྲོད་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་བ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་རམ་འདེགས་བཅས་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ཆགས་པར་བྱེད་དགོས་ཞེས་གསུངས་ཤིང་། བོད་ལྗོངས་གློག་འཕྲིན་ལྷ་ས་ཡན་ལག་ཀུང་སིའི་ལས་གཉེར་ཚོམས་ཆེན་དང་ཀྲུང་གོ་སྒུལ་བདེ(བོད་ལྗོངས་ལྷ་ས)གྲངས་གཞིའི་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་དང་། རྩིས་ནུས་ལས་སྟེགས་འཛུགས་སྐྱོང་། ལག་རྩལ་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཁོང་གིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བར་བོད་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད་པས་ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དོན་དངོས་བཀོལ་སྤྱོད་ཁྲིད་སྟོན་དང་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་ལེགས་སུ་བཏང་སྟེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་གསར་པ་ཕྱོགས་ཡོངས་ནས་བརྟན་དུ་གཏོང་དགོས། ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་འཁོར་འབྲེལ་རྒྱ་སྐྱེད་གཏོང་བ་དང་། གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་གང་ལེགས་འདོན་པ། གྲངས་གཞིའི་ནུས་ཆེའི་སྦྲེལ་མཐུད་དང་མཉམ་སྤྱོད་ཤར་གཏོང་མགྱོགས་སུ་གཏོང་བ་བཅས་བྱས་ནས། དེ་བས་ལེགས་པའི་ངང་དཔལ་འབྱོར་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བ། མི་དམངས་ཀྱི་འཚོ་བ་སྐྱིད་དུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
ད་ལོའི་ཟླ་3པར་རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་བོད་སྐད་དཔེ་དབྱིབས་ཆེ་མོ་ཐོག་མ་དེ་བཏོན་ཡོད། ཀརྨ་ཚེ་བརྟན་གྱིས་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་སྟེ། ཐོན་སྐྱེད་གཉེར་སྐྱོང་གྱི་གནས་ཚུལ་མཁྱེན་རྟོགས་གནང་ནས། ཁེ་ལས་ཀྱིས་ཁྲོམ་རའི་དགོས་མཁོ་ཁྲིད་སྟོན་དུ་བྱས་ཏེ་ནང་དོན་དང་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། མི་ཐབས་རིག་ནུས་ཀྱི་ལག་རྩལ་གསར་པ་དང་གཞི་རྟེན་གསར་པར་བརྟེན་པ། མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་ལྕག་སྐུལ་གནང་བ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་ཁག་ལ་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱས་ནས་ཁེ་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་རོགས་རམ་བྱེད་དགོས་ཞེས་མངགས་བཅོལ་ཟབ་མོ་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།