དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ“ལྔ་གཅིག”ངལ་གསོའི་རིང་གི་བདེ་འཇགས་འགན་ལེན་དང་རིག་གནས་ཡུལ་སྐོར་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-04

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ“ལྔ་གཅིག”ངལ་གསོའི་རིང་གི་བདེ་འཇགས་འགན་ལེན་དང་རིག་གནས་ཡུལ་སྐོར་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། མཐའ་ཚད་འཛིན་སེམས་དང་མཐའ་ཟད་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོ་དགའ་སྤྲོ་འཆམ་མཐུན་གྱི་སྒོ་ནས“ལྔ་གཅིག”ངལ་གསོ་རྒྱག་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གནམ་མཚོ་དང་ཕོ་བྲང་པོ་ཏ་ལ་སོགས་མཛེས་ལྗོངས་ཁུལ་དུ་ཕེབས་ནས་ཡུལ་སྐོར་བའི་སྣེ་ལེན་ཞབས་ཞུ་འགན་ལེན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྱད་ལྡན་རིག་གནས་དང་། གསར་བརྗེའི་སྙིང་སྟོབས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཁྱད་ཆོས་ཡུལ་སྐོར་གྱི་ལས་རྣམ་གསར་པའི་ནང་མཉམ་འདྲེས་བྱས་ཏེ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་མགྱོགས་མྱུར་གཏོང་བ་དང་། ཁྲོམ་རའི་གཉེར་སྐྱོང་གི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། སྤུས་ལེགས་ཞབས་ཞུར་བརྟེན་ནས་ཡུལ་སྐོར་བའི་བསྔགས་བརྗོད་ཐོབ་པ་བཅས་བྱས་ཏེ། ཡུལ་སྐོར་གྱི་འགྲུལ་བཞུད་དེ་དཔལ་འབྱོར་གྱི་འཕར་ཚད་དུ་ཏན་ཏིག་འགྱུར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    བར་སྐོར་ཁྲོམ་གཞུང་དུ་ཡུལ་སྐོར་བས་ཁེངས་ཤིང་། ཀརྨ་ཚེ་བརྟན་གྱིས་སྐབས་བསྟུན་ངང་ཚོང་དུད་ལ་འདྲི་རྟོག་གིས་ཐོན་སྐྱེད་དང་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། “དགུ་བཅུ་ནང་སྐྱེས”ཀྱི་རང་སྨྱན་སྦྱོར་གྱི་གཙོ་སྒྲོན་པ་ཞིག་གི་ཡིད་ཀྱི་དབང་པོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་བཀུག་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་མཁྱེན་སྐབས། ཀརྨ་ཚེ་བརྟན་གྱིས་སྦྱིན་བདག་ཁོང་ལ་བོད་དུ་གཞི་ཚུགས་པ་དང་བོད་འཕེལ་རྒྱས་གཏོང་བར་བསྔགས་བརྗོད་ཆེན་པོ་གནང་བ་མ་ཟད། ཁོང་གིས་ཡུལ་སྐོར་བའི་དགོས་མཁོ་སྣ་མང་དང་ཟ་སྡོད་འགྲོ་སྐྱོད་དང་ཡུལ་སྐོར་ཉོ་སྒྲུབ་རྩེད་མོ་བཅས་ལ་དམ་པོར་དམིགས་ནས། འཛད་སྤྱོད་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་སྟེ་རང་གཤིས་ཅན་དང་སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་ཉམས་ལེན་བྱ་ཡུལ་གཏོད་པར་ལྕག་སྐུལ་ཡང་གནང་བ་རེད།

    འདམ་གཞུང་རྫོང་ཁ་དྲོ་འབྲོག་མིའི་འབྲོག་ཟོག་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་ལུང་རིང་ཤང་གི་འཕྲིན་ལས་ཡེ་ཤེས་ཀྱི་ཁྱིམ་ཚང་འབྲོག་རར་ཀརྨ་ཚེ་བརྟན་གྱིས་མཉམ་ལས་ཁང་གི་གཉེར་སྐྱོང་པ་དང་ཞིང་འབྲོག་མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་སྟེ་དཔལ་འབྱོར་གྱི་ཡོང་འབབ་མཉམ་དུ་གླེང་ཞིང་། ཁོང་གིས། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས་པ་དང་། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཞིང་འབྲོག་མང་ཚོགས་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།