ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོཌ་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱི་དུས་ཚིཌ་དང་པོའི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གསན་པ།
“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་ཡུལ་བབ་དང་བསྟུན་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པར་འགན་ལེན་བྱེད་དགོས།
ཟླ་4ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་ཡུལ་བབ་དང་བསྟུན་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། ད་ལོ་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡག་ཐོག་ཡག་བརྩེགས་བྱུང་སྟེ། དཔལ་འབྱོར་དམིགས་ཚད་ཁག་བརྒྱད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས“འགོ་བརྟན་པོ”དང“འགོ་ཡག་པོ”འཛུགས་ཐུབ་ཡོད། གྲུབ་འབྲས་མཐོང་བ་དང་ཆབས་ཅིག་བོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་ཁྲོད་དུ་ད་དུང་འཕེལ་རྒྱས་དོ་སྙོམས་མེད་པ་དང་། བསྡོམས་འབོར་འདང་ངེས་མེད་པ། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ་སོགས་ཀྱི་གནད་དོན་གནས་པའང་ང་ཚོས་ངོས་འཛིན་གསལ་པོ་ཐུབ་པར་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་དཔལ་འབྱོར་ལས་དོན་དེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་གསུམ་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་བློ་གཏོང་བ་དང་ཇུས་འགོད་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་ཚིགས་གཉིས་པ་ནི་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་ཕྱོགས་གང་དུ་འགྲོ་བའི་འགག་རྩའི་དུས་མཚམས་ཤིག་ཡིན་པས་བབ་བསྟུན་འཕྲལ་སྒྲུབ་དང་ཡིད་ཆེས་ཆེ་རུ་གཏོང་དགོས་ཤིང་། སྟོབས་ཤུགས་དེ་བས་ཆེན་པོ་དང་བྱེད་ཐབས་དེ་བས་ཏན་ཏིག་ཐོག་ནས་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་དང་ལོ་རྒྱུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་ལ་དཔྱོད་ཤེས་ལྡན་པའི་སྒོ་ནས་བརྡར་ཤ་བཅད་དེ། དུས་བབ་ལ་དབྱེ་ཞིབ་གསལ་པོ་བྱེད་པ་དང་། གནད་དོན་གྱི་གནད་འགག་གནད་ལ་འཁེལ་པོས་འཚོལ་བ། བྱེད་ཐབས་དང་ཁ་གཏད་འཇལ་ཐབས་ལ་དམ་འཛིན་ཏན་ཏིག་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། ལས་ཀའི་ལམ་སྲོལ་དང་ལས་ཀ་བྱེད་སྟངས་དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་ལ་འཚམ་པར་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “རྣམ་གྲངས་ལ་དམ་འཛིན་བྱས་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱས་པ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས་པའི”བསམ་བློ་བརྟན་པོར་འཛུགས་པ། འགོ་འཛུགས་རྣམ་གྲངས་ཐད་འཕེལ་རིམ་ལ་དམ་འཛིན་དང་། འཕྲོ་སྐྱོང་རྣམ་གྲངས་ཐད་ཐོན་སྐྱེད་ལ་དམ་འཛིན། གསོག་འཇོག་རྣམ་གྲངས་ཐད་དུས་འགོར་དམ་འཛིན་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དོན་དངོས་ཀྱི་མ་རྩ་འཇོག་གྲངས་དང་ངོ་ཡོད་ལས་འབོར་ལས་དོན་སྒྲུབ་གྲངས་དེ་བས་མང་པོ་ཆགས་པར་ཧུར་ཐག་བྱེད་དགོས། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། བོད་ཀྱི་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་གཏོང་བ། རང་སོ་སོའི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་ལས་དང་གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། ཁྱད་ལེགས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། “བོད”ཅེས་པའི་སྔོན་འགོད་སྤུས་རྟགས་སྟོབས་ཆེར་གཏོང་རྒྱུར་ཤུགས་རྒྱག་པ། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། ཐོན་ཁུངས་དང་ཁུལ་གནས་ཀྱི་ལེགས་ཆ་དེ་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ཡག་པོར་སྒྱུར་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་མིག་སྔར་གཞི་ཚུགས་ལ་ཕུགས་ལ་དམིགས་པ། སྔོན་ཚུད་ཀྱི་བཀོད་པར་སྣང་ཆེན་བྱེད་པ། ཐོན་ལས་གྲུབ་ཆ་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་ཁྲིད་སྟོན་བྱེད་པ། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ཁུངས་ལས་སྣོན་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ། ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་ལ་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་པོ་གཏོང་བ། རང་ལྗོངས་ཀྱི“ཐོན་ལས་ཆེན་པོ་དགུའི”སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྙུགས་ཤེད་ཆེ་རུ་ཏན་ཏིག་གཏོང་དགོས། སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་ལ་དམ་པོར་དམིགས་པ། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཐོན་ལས་ཀྱི་འཕེལ་ཕྱོགས་ལ་སྟངས་འཛིན་ཡང་དག་བྱེད་པ། ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་ནང་མཉམ་འདྲེས་དང་ཞབས་འདེགས་ཞུ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་ཀྱི་དམིགས་ཚད་དུ་བརྩི་བ། དམངས་འཚོའི་དོན་དངོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། དགོས་མཁོ་རྒྱུན་མཐུད་ཆེར་གཏོང་དང་མཁོ་སྤྲོད་ལེགས་སུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་རེ་སྒུག་གསར་པ་དེ་བས་ལེགས་པར་སྐོང་དགོས།
ཝང་ཅུན་ཀྲེང་གིས། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཤིང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་ཆེ་རུ་བཏང་སྟེ། རང་རྟོགས་ངང་ས་གནས་དེ་ག་དང་སྡེ་ཚན་དེ་གའི་ལས་དོན་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་བློ་བཏང་ནས་ཇུས་འགོད་དང་ཞིབ་འཇུག་བྱས་ནས་སྐུལ་འདེད་གཏོང་དགོས། ལོ་འགོར་གཏན་འཁེལ་བྱས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཁ་ལོ་སྒྱུར་ནུས་ཆེ་རུ་གཏོང་བ་དང་། ཐབས་ཇུས་འགོད་པ་དང་། ལག་ལེན་བསྟར་བ། དོན་འཁྱོལ་བྱེད་པ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཡུལ་གཅིག་ལ་གཟི་བརྗིད་ལྡན་པར་བྱེད་དགོས་ལ། ཡུལ་ཀུན་ལ་དེ་བས་གཟི་མདངས་རྒྱས་པར་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “ཏང་འཛུགས་སྤྱི་ཕན་དང་། དམངས་ཆེད་བདེ་རྩ་སྐྲུན་པ། ཚན་རིག་དང་མཐུན་པའི་འཐབ་ཇུས་འགོད་པ། དམ་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རང་ཉིད་དང་། འགན་འཁྲི། ལས་ཀ་བཅས་དེའི་ནང་འཇོག་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཀའི་ཞན་ཆ་སེལ་བ། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་སྒྱུར་བ་བཅས་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།