རང་སྐྱོང་ལྗོངས་ཀྱི་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཆེད་དོན་ཚོགས་ཆུང་གི་2026ལོའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཚེས་24ཉིན། རང་སྐྱོང་ལྗོངས་ཀྱི་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཆེད་དོན་ཚོགས་ཆུང་གི་2026ལོའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》དང《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ཕན་འབྲས་ཚོད་སྐོར་སྙན་ཞུ》བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 2025ལོ་དང་དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་གནས་ཚུལ་དང་2026ལོའི་ལས་དོན་བཀོད་སྒྲིག་ཉན་པ། 2026ལོའི་ལས་དོན་གྱི་གཙོ་གནད་ལ་གྲོས་ཞིབ་བཅས་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། རང་སྐྱོང་ལྗོངས་ཀྱི་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཤ་ཁེ་ཆིན་ཚོགས་འདུར་ཞུགས་ཡོད་པ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པར་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“སྐྱེ་ཁམས”ཀྱི་དོན་ཆེན་དེར་དམིགས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད”ཀྱི་འཐབ་ཇུས་བཀོད་སྒྲིག་བཏོན་པ་མ་ཟད། བྱེད་ཐབས་ནུས་ལྡན་སྤྱད་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་ལེགས་ལ་མི་རྣམས་ལ་སྐུལ་མ་ཐེབས་པའི་རྒྱུགས་ལན་ཞིག་ཕུལ་ཡོད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་དང་རང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བའི་འགག་རྩའི་ལོའང་རེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་འགན་འཁྲི་ཁུར་སེམས་དང་། ལས་འགན་སྒྲུབ་སེམས། དུས་གཏུག་གི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་མངོན་པར་བྱེད་དགོས། མིག་སྔ་དང་ཕུགས་ལ་སྤྱི་འདོམས་ཡག་པོ་བྱས་ནས་སྤྱི་ཡོངས་ཀྱི་བསམ་གཞིག་དང་བརྒྱུད་རིམ་ལྡན་པའི་བསམ་གཞིག་ཆེ་རུ་གཏོང་བ་དང་ལོ་འཁོར་གྱི་ལས་དོན་གྱི་གཙོ་གནད་དང་ཆེད་དོན་འཆར་འགོད་དང་འཆར་གཞིར་དམིགས་ཏེ། དུས་ཚོད་རེའུ་མིག་དང་། ལམ་མཚོན་དཔེ་རིས། འགན་འཁུར་བ་བཅས་ཁ་གསལ་བཟོས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། སྲུང་སྐྱོང་དང་འཕེལ་རྒྱས་སྤྱི་འདོམས་ཡག་པོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཙོ་གནད་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོར་སྐུལ་འདེད་ཏན་ཏིག་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་རྒྱུན་མཐུད་བརྟན་པོ་སྐྲུན་དགོས་པ། འཆར་འགོད་དང་དོན་འཁྱོལ་ལ་སྤྱི་འདོམས་ཡག་པོ་བྱས་ཏེ“དུས་བཀག་ཚོད་སྐོར་དང་། ལོ་འཁོར་ཞིབ་བཤེར། མཉམ་སྡེབ་ཇུས་འགོད”བཅས་ཀྱི་སྒུལ་རྣམ་བཟོ་སྒྲིག་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། “རྣམ་གྲངས་ཀྱིས་འཆར་འགོད་ཀྱི་རྗེས་ལ་དམ་པོར་སྙེག་པ་དང་། མ་དངུལ་གྱིས་རྣམ་གྲངས་ཀྱི་རྗེས་ལ་དམ་པོར་སྙེག་པ། ལྟ་སྐུལ་གྱིས་མ་དངུལ་གྱི་རྗེས་ལ་དམ་པོར་སྙེག་པ”བཅས་ཀྱི་གདུབ་ཟུམ་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་སྟེ་ཇུས་གཞི་དང་འཆར་འགོད་དོན་འཁྱོལ་ཞིབ་ཚགས་ཐུབ་པར་སྐུལ་འདེད་གཏོང་དགོས་པ། དག་ཐེར་དང་ཞིབ་བཤེར་ལ་སྤྱི་འདོམས་ཡག་པོ་བྱས་ཏེ་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་གཅིག་སྡུད་དག་ཐེར་དང་ཐག་གཅོད་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་དག་ཐེར་གནད་དོན་བསྐྱར་དུ་མི་ཐོན་པའི་འགན་ལེན་བྱེད་དགོས་པ། དམ་འཛིན་ནན་པོ་དང་དངོས་སྒྲུབ་ལ་སྤྱི་འདོམས་ཡག་པོ་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཐོག“བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི”སྤྱོད་ཚུལ་བསྐྱངས་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བའི“དངོས་གནས་དྲང་གནས”ཀྱི་ལས་རྗེས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་རེ་སྒུག་ལ་ལན་སློག་དགོས།
འབྲེལ་ཡོད་གསར་འགྱུར།