དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ནག་ཆུ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-24

    ཚེས་20ནས་22ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ནག་ཆུ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ་རེད།

    ཡན་ཅིན་ཧའེ་ལྷ་རི་རྫོང་གི་ཨ་རྩ་གྲོང་རྡལ་དང་སྙེའུ་ཤང་དང་། སྤོ་བོ་རྫོང་གི་བྲག་སྐས་ཤང་དང་ཡིད་འོང་ཤང་། བྲག་ཡིབ་ཆུས་ཀྱི་ཀླུ་ནང་གྲོང་རྡལ་བཅས་སུ་ཕེབས་ནས་གྲོང་ཚོ་རིམ་པའི་མཉམ་ལས་ཁང་གཉེར་སྐྱོང་དང་། རིག་གནས་དང་ཡུལ་སྐོར་སོགས་གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས། དེ་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཡན་ཅིན་ཧའེ་ཡིས། ཐོན་ལས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་བཀོད་པ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ཏེ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་དགོས། སྲིད་ཇུས་ཀྱི་ཕན་འབྲས་མུ་མཐུད་ཆེ་རུ་བཏང་སྟེ། གྲོང་གསེབ་དར་རྒྱས་ཀྱི་རོགས་སྐྱོར་མ་དངུལ་བེད་སྤྱོད་ཡག་པོ་བྱེད་པ་དང་། རོགས་སྐྱོར་ཐོན་ལས་རྣམ་གྲངས་གཉེར་སྐྱོང་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྲ་བརྟན་དང་། རིམ་སྤོར། ཕན་སྒྱུར། ལེགས་སྒྲིག་བཅས་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།

    “གྲོང་གསེབ་དང་། རིག་གནས། ཡུལ་སྐོར་བཅས”མཉམ་འདྲེས་བྱེད་པ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཡན་ཅིན་ཧའེ་གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཕེབས་ནས་འགྲེམས་པང་ལ་གཟིགས་པ་དང་། ངོ་སྤྲོད་གསན་པ། བསམ་ཕྱོགས་གླེང་བ་བཅས་གནང་བ་མ་ཟད། མང་ཚོགས་དང་མཉམ་དུ་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་འབབ་འཕར་ལ་སྐུལ་ཁྲིད་བྱས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་དང་ས་གནས་དེ་གའི་ལས་བྱེད་པས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེཌ་ཆར་གཞི་ཚུགས་ཏེ“གྲོང་གསེབ་དང་། རིག་གནས། ཡུལ་སྐོར་བཅས”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཐོན་ལས་ཀྱི་རིན་ཐང་འཕར་བ་དང་རིག་གནས་རྒྱུན་འཛིན་ཐུབ་པར་བྱས་ཏེ། མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

    ལྷ་རི་རྫོང་ཨ་རྩ་གྲོང་རྡལ་ཨ་རྩ་དགོན་དུ་ཡན་ཅིན་ཧའེ་ཡིས་དགོན་སྡེ་དོ་དམ་དང་། བརྟན་ལྷིང་སྲུང་སྐྱོང་། “འདུ་ཤེས་གསུམ”གྱི་སློབ་གསོ། རིག་དངོས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་གསན་ནས་དགེ་འདུན་པ་དང་དགོན་སྡོད་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ཁོང་གིས། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་དགེ་མཚན་ཧུར་ཐག་འདོན་པ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ། 《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།