དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་སྒྲིག་འཛུགས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ།

    ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-22

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་སྒྲིག་འཛུགས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལུས་རྩལ་གྱི་སྣ་མང་བྱེད་ནུས་དང་ཕྱོགས་བསྡུས་རིན་ཐང་གང་ལེགས་འདོན་པ་དང་། “སྟབས་བདེ་དང་། བདེ་འཇགས། ལྟད་མོ་ཆེ་བ”བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། ཚུགས་གནས་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་སྒོ་ནས་ཆུ་ཚད་མཐོ་བའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་གྲ་སྒྲིག་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ནི་ཆབ་སྲིད་ཀྱི་འགན་འཁྲི་མངོན་པ་དང་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་འགྲན་བསྡུར་ཡག་པོ་གཉེར་ཏེ། ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་གསོན་ཤུགས་ཆེན་པོ་སྣོན་དགོས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་བརྟན་པོ་འཛུགས་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། འགྲན་བསྡུར་བྱེད་རིང་མི་རིགས་ཁག་གི་ལུས་རྩལ་པའི་དབར་རྒྱུས་མངའ་ཆེ་རུ་དང་བརྩེ་བ་ཟབ་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་དགོས། འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ས་ཁོངས་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། འགྲན་བསྡུར་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་འགྲན་བསྡུར་ལ་བརྟེན་ནས་ཐོན་ལས་ལ་སྐུལ་འདེད་བཏང་སྟེ། ལུས་རྩལ་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་ཐོན་ཁུངས་དང་འགྲན་བསྡུར་ལ་དོ་སྣང་བྱེད་ཚད་དེ་དཔལ་འབྱོར་གྱི་འཕར་ཚད་ལ་འགྱུར་བར་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། འགྲན་བསྡུར་བཀོད་སྒྲིག་ལ་སྤྱི་འདོམས་བྱས་ནས་རྣམ་གྲངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་འགྲན་རིམ་སྒྲིག་པ། འགྲན་བསྡུར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། འགྲན་བསྡུར་ཚང་མ་བདེ་བླག་དང་གོ་རིམ་ལྡན་ལ་ཞིབ་དཔྱད་ཐེག་ཐུབ་པའི་འགན་ལེན་བཅས་བྱས་ཏེ། དྲང་གཞག་དྲང་བདེན་གྱི་ལུས་རྩལ་འགྲན་བསྡུར་ཞིག་གཉེར་དགོས། ཕྱོགས་བསྡུས་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་། འགྲན་བསྡུར་རིང་གི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་དེ་བས་ཡག་པོ་བྱེད་པ། “ལུས་རྩལ་+”ཡག་པོ་སྤྱོད་པ་བཅས་བྱས་ཏེ། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་དགོས། ལུས་རྩལ་ཐང་སོགས་རྨང་གཞིའི་སྒྲིག་བཀོད་ཚད་རིམ་གཉིས་སྤོར་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཁྱེར་གྱི་བྱེད་ནུས་ལེ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། འགྲན་བསྡུར་སྣེ་ཁྲིད་དུ་བྱས་ནས་ལུས་རྩལ་ཐོན་ལས་ཀྱི་སྐྱེ་ཁམས་སྐྱེད་སྲིང་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ལུས་རྩལ་ཐོན་ལས་མ་ལག་སྐྲུན་དགོས། འགྲན་བསྡུར་གྱི་ཞབས་ཞུ་འགན་ལེན་ལེགས་སུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཉམ་སྒྲུབ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་ནང་སྦྱོང་དང་ཕྱོགས་ཡོངས་ཀྱི་ཚང་བཤེར་ཆད་གསབ་ལས་དོན་ཡག་པོ་སྒྲུབ་པ། བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་བ་བཅས་བྱས་ཏེ། ཏན་ཏིག་ནུས་ལྡན་གྱི་ལས་དོན་ལ་བརྟེན་ནས་སྐབས་འདིའི་འགྲན་བསྡུར་ལས་ཕྱོད་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་གཉེར་ཐུབ་པའི་འགན་ལེན་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས་འགན་འཁྲི་ནན་དུ་གཏོང་བ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དངོས་སྒྲུབ་ནུས་ཆེའི་འགྲན་ཚོགས་གཉེར་བ། ཀུན་གསལ་གྲོན་ཆུང་ངང་འགྲན་ཚོགས་གཉེར་བ་བཅས་བྱས་ཏེ། སྐབས་འདིའི་ལུས་རྩལ་འགྲན་ཚོགས་དེ་གཟུགས་བརྙན་ཡག་པོ་མངོན་པ་དང་། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་བློ་ཡིད་ཚིམ་པ་བཅས་ཀྱི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཏུ་ཧུར་ཐག་གཉེར་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།