དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-22

    ● དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཧུར་ཐག་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྐབས། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ཁྲིད་སྟོན་དུ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང“ཞིང་གསུམ”ལས་དོན་ལ་བླང་བྱ་ཁ་གསལ་བཏོན་པ་བཅས་ལས་ང་ཚོས་བོད་ཀྱི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཞིག་ཡིན་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་ལོ་དང་པོ་དེའང་ཡིན་པས། “ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་དབུལ་ལོག་དབུལ་གྱུར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་ལམ་སྲོལ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དང་རྒྱུ་ནོར་ལ་དོ་དམ་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་ལྟེ་བའི་ལས་འགན་དེར་དམ་འཛིན་ནན་པོ་བྱེད་པ། ཐོན་ལས་རོགས་སྐྱོར་དང་ལས་ཞུགས་རོགས་སྐྱོར་ཏན་ཏིག་བྱེད་པ། རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་ལས་གནས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་དང་། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས། གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་སྔར་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཇུས་འགོད་དང་། སྔར་བས་ནུས་ལྡན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར། སྔར་བས་དམ་པ་དོན་གཉེར་གྱི་ལས་དོན་སྒྲུབ་སྟངས་བཅས་ཀྱི་ཐོག་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་གྱུར་མི་ཡོང་བའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་དགོས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐུན་མོང་འབྱོར་ཕྱུག་གི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཚན་རྩལ་གྱིས་དེང་རབས་ཞིང་འབྲོག་ལས་ལ་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་བ་དང་། རྩེར་སོན་ཚན་རྩལ་དེ་ཞིང་འབྲོག་ལས་ནང་རྒྱ་ཁྱབ་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་འཛད་སྤྱོད་དང་། མ་འཇོག ཐོན་ལས་ཀྱི་སྒུལ་ནུས་བཅས་གོ་རིམ་ལྡན་པའི་ངང་སྐུལ་སློང་བྱེད་པ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་དེང་རབས་གྲོང་གསེབ་ཐོན་ལས་མ་ལག་རྒྱུན་ཆད་མེད་པར་འཛུགས་པ་དང་དེར་མཉམ་འདྲེས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། གྲོང་གསེབ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུཌ་འཕེལ་བར་བྱས་ཏེ། དོན་དངོས་ནས་འགོ་འཛུཌ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞིང་ལས་དང་ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། ཤེས་ལྡན་པ་དང་། མ་དངུལ། ལག་རྩལ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིང་འབྲོག་ཁུལ་དུ་འཁོར་རྒྱུག་བྱ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱས་ནས། ཞིང་ལས་ཁྲོམ་ར་ཅན་དང་། ཞིབ་ལས་ཅན། དེང་རབས་ཅན་བཅས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་དང་ཞིང་འབྲོག་པའི་ཚུར་སྣང་ལན་ཆ་ཆེ་ཤོས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཁྲོད་ཀྱི་ཞིང་འབྲོག་པའི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ། ཞིང་འབྲོག་པ་ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པར་བཅས་བྱས་ནས། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཆར་འགོད་མཐའ་འཁྱོངས་བྱས་ཏེ། རྫོང་ཁོངས་དེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་འགག་རྩར་བརྩི་བ་དང་། གྲོང་རྡལ་དང་གྲོང་ཚོའི་མ་ལག་དང་གྲོང་ཚོ་འཛུགས་སྐྲུན་གྱི་འཆར་འགོད་སྤྱི་འདོམས་ཡག་པོ་བྱེད་པ། འཆར་འགོད་བཀོད་སྒྲིག་དང་། རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག ཐོན་ལས་འཕེལ་རྒྱས། སྤྱི་པའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོང་སོགས་ཐད་གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་མཉམ་འདྲེས་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། དར་རྒྱས་ཆེ་བའི་གྲོང་ཁྱེར་བསྐྲུན་དགོས་ལ་དར་རྒྱས་ཆེ་བའི་གྲོང་གསེབ་ཀྱང་སྐྲུན་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཀྱི་དོན་དངོས་དང་མཐུན་ལ་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ“ཞིང་གསུམ”གྱི་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་སུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་ལ་བརྩིས་ནས་མིག་སྔར་གཞི་ཚུགས་ལ་ཕུགས་ཀྱི་ཕན་འབྲས་ལ་དམིགས་པ་དང་། ཞིང་འབྲོག་ཁུལ་གྱི་དོན་དངོས་ལ་གཞིགས་ནས་ཞིང་འབྲོག་པའི་འདོད་མོས་ལ་བརྩི་འཇོག་གང་ལེགས་བྱེད་པ། སྲིད་ཇུས་ལག་བསྟར“རྒྱུག་པ་ལེབ་རྡུང”དང་འཁྲི་འགན་རིམ་སྣོན་མི་བྱེད་པ། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་དངོས་ཡོད་གྲུབ་འབྲས་ལ་དཔྱད་ཞིབ་ལེགས་སུ་གཏོང་བ། ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་གང་ལེགས་འཕེལ་བ་བཅས་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྐྱོང་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་ཤུགས་ཆེན་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ཕྱི་མཛེས་ནང་སྟོང་གི“སྲིད་དོན་ལས་རྗེས་ལས་གྲྭ”དང“ངོ་སོའི་ལས་གྲྭ”མི་སྤེལ་བ། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་གཏོང་རྒྱུ་སྐས་རིམ་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག ད་དུང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་དམིགས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།