དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-20

     ཚེས་15ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཕེབས་ནས། ས་གནས་ས་ཐོག་ཏུ་སྨན་ཁང་གི་ལས་དོན་བསྒྲུབས་ཚུལ་དང་དེ་བཞིན་རྒྱལ་ཁབ་ཀྱི་ས་མཐོའི་ནད་གཞིའི་གསོ་རིག་ལྟེ་གནས་བསྐྲུན་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པས་རྒྱལ་ཁབ་ཀྱི་ས་མཐོའི་ནད་གཞིའི་གསོ་རིག་ལྟེ་གནས་འཛུགས་སྐྲུན་དང་། བོད་རང་སྐྱོང་ལྗོངས་མྱུར་སྐྱོབ་ལྟེ་གནས་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། ནད་པ་སྨན་ཁང་ལ་མ་བསྐྱལ་གོང་གི་མྱུར་སྐྱོབ་མ་ལག་འཛུགས་སྐྱོང་བྱེད་པ། རིག་ལྡན་མྱུར་སྐྱོབ་ཀྱི“དྲ་གཅིག”ལས་སྟེགས་འཁོར་སྐྱོད་བྱེད་པ། ཕྱོགས་མང་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་འཛུགས་པ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ས་གནས་ས་ཐོག་ཏུ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ། ཏང་འཛུགས་སྐྱོང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་སོགས་གནས་ཚུལ་གྱི་སྙན་སེང་ཡང་གསན་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་རང་ངོས་ཀྱི་དགེ་མཚན་ཆེ་རིགས་དངོས་འབྲེལ་བཏོན་ཏེ་སྨན་བཅོས་ཀྱི་གཙོ་འགན་གཙོ་ལས་ལེགས་པར་བསྒྲུབས་པ་དང་། སློབ་ཁྲིད་མི་སྐྱོང་དང་ཚན་ཞིབ་གསར་གཏོད་ཤུགས་ཆེན་བྱེད་པ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ས་མཐོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་ས་མཐོའི་ནད་གཞིའི་གསོ་རིག་ལྟེ་གནས་བསྐྲུན་རྒྱུ་ནི་བདེ་ཐང་ཀྲུང་གོའི་འཐབ་ཇུས་དོན་འཁྱོལ་དང་ས་མཐོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།