ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་4ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། དུས་ཚིགས་དང་པོ་ནས་བཟུང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རྒྱུན་མཐུད་གཏིང་ཟབ་ངང“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པར་དམིགས་ཏེ་སྔ་ཙམ་ཇུས་འགོད་དང་། སྔ་ཙམ་བཀོད་སྒྲིག སྔ་ཙམ་བྱ་སྤྱོད་སྤེལ་བ་བཅས་བྱས་པས“ལོ་ལྔ་ཚན་བཅོ་ལྔ་པར”འགོ་ཚུགས་བཀྲ་ཤིས་བྱུང་ཡོད། མིག་སྔའི་དཔལ་འབྱོར་དུས་བབ་ལ་ཕྱོགས་ཡོངས་ནས་ལྟ་བ་དང་། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། དམིགས་ཚད་སྟོན་ཕྱོགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། འཕྲལ་མར་སྒྲུབ་པ་དང་དམ་འཛིན་དངོས་སྒྲུབ་བྱེད་པ། ཚད་གཞི་དེ་བས་མཐོ་བའི་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སུ་སྒྲུབ་མཁན་ཡག་པོ་བྱས་ཏེ། ལས་འགན་ཁག་དོན་འཁྱོལ་ལ་དམ་འཛིན་ཆད་མེད་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། དུས་ཚིགས་གཉིས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི“རྫོགས་ལྡན་དུས་སྐབས”ལ་དམ་འཛིན་ནན་པོ་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དགོས་གཏུག་གི་བསམ་པར་བརྟེན་ནས་ནུས་ཤུགས་ཡོད་རྒུས་ལས་དོན་ཧུར་ཐག་སྒྲུབ་པ་དང་། སྙན་སེང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། འཛད་སྤྱོད་ཆེར་སྤེལ་དང་ནང་མཁོ་རྒྱ་ཆེར་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་གནད་སྨིན་ཤུགས་རྒྱག་པ་དང་། སྔོན་དཔག་ལ་ཁྲིད་སྟོན་ལུགས་མཐུན་བྱེད་པ། རྒྱུན་མཐུད་གནོན་ཤུགས་སྤྲད་ནས་ཡར་བརྩོན་ཡོང་བ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་སྲུང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཏན་ཏིག་དང་། གཏིང་ཟབ། ཞིབ་ཚགས་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཕན་ཚུན་མཉམ་འགུལ་བཟང་པོ་ཡོང་བར་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཚོང་གཉེར་ཁོར་ཡུག་ནི་ཁྲོམ་རའི་གདེང་ཚོད་བརྟན་དུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ཁྱབ་ཁོངས་དེ་བས་མང་བ་དང་དེ་བས་ཆེ་བར“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་ཐུབ་པ”བྱས་ཏེ་སྲིད་གཞུང་གི་ཞབས་ཞུའི་སྤུས་འབྲས་རྒྱུན་མཐུད་ཆེ་རུ་གཏོང་དགོས་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་སྐྱོང་གི་འདེགས་སྐྱོར་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་དགོས་པ། ནུས་ལྡན་ཁྲོམ་ར་དང་ཕྱོད་ཆེའི་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ནང་ཧུར་ཐག་ཞུགས་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ། ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་མ་དངུལ་ལྟ་འདོམས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་རང་རྟོགས་ངང་དམངས་ཆེད་ལས་སྒྲུབ་དང་། དོན་གཉེར་ལས་སྒྲུབ། སྤྱོད་གཙང་ལས་སྒྲུབ་བཅས་བྱས་ཏེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཉིད་སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པར་ཏན་ཏིག་འགྱུར་བར་བྱེད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།