ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།
ཟླ་4ཚེས་16ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། ད་དུང་ཏིང་ཡེ་ཤན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་མིག་སྔར་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་བརྡ་ཁྱབ་བཏང་བ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། ཏང་ཀྲུང་དབྱང་གིས་ཏིང་ཡེ་ཤན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བའི་བློ་སྟོབས་བརྟན་པོ་གང་ལེགས་མཚོན་པ་དང་།རུལ་སུངས་ལ་ངོ་རྒོལ་བྱེད་པར་བཀག་རྒྱ་མེད་པ་དང་། སྤྱི་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་ཀྱི་ཏང་ཀྲུང་དབྱང་གི་ལངས་ཕྱོགས་བརྟན་པོ་གང་ལེགས་མངོན་པ། རུལ་སུངས་ངོ་རྒོལ་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པ་དང་ཏང་སྲོལ་རྒྱལ་ཁྲིམས་ཀྱི་མདུན་དུ་ཉེས་མེད་ཀྱི“གུ་ཡངས་གསེར་བྱང”མེད་པའི་བརྡ་རྟགས་དྲག་པོ་བཏང་ཡོད་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་གཏན་འབེབས་དང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཡོད། གྱོད་དོན་དཔྱད་གཞིར་འཛིན་པ་དང་། གྱོད་དོན་དྲངས་ནས་སྒྲིག་ལམ་གསལ་པོ་བཟོ་བ། གྱོད་དོན་དྲངས་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་རང་གཅེས་དང་། རང་དཔྱོད། རང་ཟོན། རང་སྐུལ་བཅས་ཀྱི་ཐོག་ནས། མི་དམངས་འཐུས་ཚོགས་དཔུང་ཁག་གི་ལྷག་བསམ་རྣམ་དག་དང་། དྭངས་གཙང་ལྷད་མེད། རྦད་དེ་བློས་འགེལ་བའི་རང་བཞིན་ནམ་ཡང་མཐའ་འཁྱོངས་ཐུབ་པར་བྱེད་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱས་ནས་བསམ་བློའི་ཁ་ཕྱོགས་སྟངས་འཛིན་ཐུབ་པར་བྱེད་དགོས། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་དང་། རང་རྟོགས་ངང་ལྷག་བསམ་རྣམ་དག་དེ་ཆབ་སྲིད་ཀྱི་རྩ་དོན་ནན་ཤོས་དང་། གཞིས་ཚུགས་ཀྱི་རྩ་བ། སྲིད་སྐྱོང་གི་རྨང་གཞི་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས། རང་རྟོགས་ངང་ཏང་གི་འགོ་ཁྲིད་མི་དམངས་འཐུས་ཚོགས་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་བསམ་བློའི་ཐད་ཡང་ཡང་བསྡུར་བ་དང་། བྱ་སྤྱོད་ཐད་དམ་པོར་སྙེག་པ། ལག་བསྟར་ཐད་བློ་བརྟན་འགྱུར་མེད་བཅས་བྱས་ཏེ། ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་། ལས་འགན་ཕྲག་ཏུ་ཁུར་བ། དམིགས་ཚད་བརྟན་པོ་སྲུང་བ་བཅས་བྱེད་དགོས། བསླབ་བྱ་དང་ལེན་ཧུར་ཐག་བྱས་ནས་གུས་སྐྲག་གི་བསམ་པ་རྒྱུན་དུ་འཆང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། རང་དཔེ་གཞན་སྟོན་དང་གོང་དཔེ་འོག་སྟོན་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་རང་གཤིས་དང་ཡིན་ལུགས་ཚུལ་ལྡན་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་དོ་དོ་ནན་ནན་དང་ཁེངས་སྐྱུང་གཟབ་ནན་བྱེད་པ། ཐོག་མཐའ་བར་གསུམ་དུ་རང་བརྩི་དང་རང་ལུས་རང་གཅེས་བྱས་ཏེ། རང་ཉིད་ལ་དོ་དམ་ཡག་པོ་དང་། དཔུང་ཁག་ལ་སྣེ་ཁྲིད་ཡག་པོ། ཁྱིམ་སྲོལ་ཡག་པོ་སྐྱོང་བ་བཅས་བྱེད་དགོས། སྒྲིག་ཁྲིམས་སྒྲིག་ལམ་ནན་པོ་སྲུང་བ་དང་སྤྱོད་གཙང་གི་རྩ་བ་དེ་དམ་པོར་འཛིན་དགོས། དོ་དམ་ནན་པོ་ནི་གཅེས་སེམས་ཟབ་མོ་དང་ལྟ་སྐུལ་ནི་སྲུང་སྐྱོང་ཡིན་པའི་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། ནན་པོ་གཙོར་བཟུང་དང་ནན་པོ་མཐར་ཕྱིན་མཐའ་འཁྱོངས་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ཨང་དང་པོར་འཇོག་པ། སྔ་ཙམ་དམ་འཛིན་དང་ཆུང་ས་ནས་དམ་འཛིན་དང་རྐྱེན་རྩ་ཆུང་ཟློག་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་སྤྱི་ཚོགས་དང་། འཚོ་བ། གྲོགས་པོ་བཅས་ཀྱི་འཁོར་རྒྱ་གཙང་སེལ་བྱེད་དགོས། འགན་སྒྲུབ་ཀྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ནས་ཁུར་དགོས་པའི་འགན་འཁྲི་ཕྲག་ཏུ་ཁུར་དགོས། ཐོག་མཐའ་བར་གསུམ་དུ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་འགན་འཁྲི་ཁུར་ཕོད་པ། ཁྲིམས་འཛུགས་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། ལྟ་སྐུལ་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། འཐུས་མིར་བརྟེན་ནས་སྣེ་ཁྲིད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཞུས་ཁྲེང་ཚང་དང་། འཇམ་དཔལ། ཐང་མིང་དབྱིན། ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།