དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-18

    ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། 2025ལོའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཕྱོགས་སྡོམ་དང་འདི་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། བདེ་འཇགས་ཐོན་སྐྱེད་ནི་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས་འགོ་ཡག་པོ་འཛུགས་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད། བདེ་འཇགས་ཐོན་སྐྱེད་ཐད་འཕྲད་པའི་དུས་བབ་དང་ལས་འགན་ལ་ངོས་འཛིན་གསལ་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་ནན་དུ་གཏོང་བ་དང་། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ནས། “དོན་ཆེན་བཞིར”དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་ནས་དོགས་ཟོན་བྱེད་པ། བག་མེད་ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། “དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་འཁུར་བའི”བསམ་པ་ཆེ་རུ་གཏོང་བ་དང“བྱ་བ་ཀུན་ལ་ཤེས་རྟོགས་མཐིལ་ཕྱིན”གྱི་ལག་ལེན་བསྟར་ནུས་ཆེ་རུ་གཏོང་བ། བྱེད་ཐབས་ཏན་ཏིག་སྤྱོད་པ་བཅས་བྱས་ཏེ། བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་ནུས་ཤུགས་ཡོད་རྒུས་འགོག་སེལ་བྱེད་པ་དང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ད་ལོ་ནི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་པས། ལས་གྲྭ་འཛུགས་སྐྲུན་དང་། རྡོ་སོལ་མིན་པའི་གཏེར་རི། འགྲིམ་འགྲུལ། མེ་ཟོན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སོགས་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། གྲལ་བཤེར་དང་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སེལ་དགོས་པ་དང་། འཕྲལ་སྡོམ་རོགས་སྐྱོབ་ཀྱི་དངོས་ཟོག་གྲབས་གསོག་དང་། མི་སྣར་གསོ་སྦྱོང་། དངོས་འཐབ་ནང་སྦྱོང་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། བདེ་འཇགས་བཅོས་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་དྲ་བ་ཕྱོགས་ཡོངས་ནས་ཚགས་དམ་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། ཁྱོན་ཡོངས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། སྟོབས་ཤུགས་གཞི་རིམ་དུ་ཁྱབ་པ་དང་། འོག་རིམ་འགན་སྲུང་། འགག་སྒོ་མདུན་དུ་སྤོ་བ་བཅས་ལ་སྐུལ་འདེད་རྒྱུན་མཐུད་གཏོང་དགོས། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཚན་མང་པོས་མཐུན་སྦྱོར་དང་ལྷུ་ཚིགས་ཁག་འབྲེལ་མཐུད་མཐའ་འཁྱོངས་བྱས་ཏེ། ངོ་བོའི་བདེ་འཇགས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས། གཟེར་འདེབས་ཀྱི་སྙིང་སྟོབས་བཅངས་ནས་ལས་དོན་ཁག་གི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། གནས་ཚུལ་གསར་པར་ཁ་གཏད་གཅོག་པ་དང་། གནད་དོན་གསར་པ་ཐག་གཅོད། ཉེན་ཁ་གསར་པ་སྔོན་འགོག་དང་ཚོད་འཛིན་བཅས་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་སྐོར་ཞིབ་དང་ལྟ་སྐུལ་གྱི་མཉམ་ཤུགས་འབྲེལ་མཐུད་ནན་པོ་བྱེད་པ། ཕྱོགས་གཅིག་གི་དུས་བདེ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་བདེ་འཇགས་བརྟན་ལྷིང་གི་ཁོར་ཡུག་གཏོད་དགོས།

    རེན་ཝེ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། ཀྲང་ལི། ཀྲའོ་ཕེང་། ཕུན་ཚོགས་བསྟན་འཛིན་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་ལམ་ནས་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།