དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-17

    ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་ལྷོ་རི་བྱང་རིའི་སྔོ་འགྱུར་དང་། བྱེ་འགྱུར་དང་ཞན་འགྱུར་གྱི་ས་ཆ་ཕྱོགས་བསྡུས་བཅོས་སྐྱོང་། སྡོང་ཐུང་ཀུ་ཤུ་བདག་སྐྱོང་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་བྱུང་ཆོས་ཉིད་ལ་བརྩི་སྲུང་དང་ཚན་རིག་དང་མཐུན་པའི་སྔོ་འགྱུར་མཐའ་འཁྱོངས་བྱེད་པ། ཚད་གཞི་མཐོ་པོས་ལྷོ་རི་བྱང་རིའི་སྔོ་འགྱུར་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཕུག་ལམ་དང་པོའི་ཡུག་ཁུལ་དང་། བདེ་ཆེན་གྲོང་ཚོའི་ཡུག་ཁུལ་དང་པོ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་གི་ཡུག་ཁུལ་དང་པོ། དཔལ་ལྡན་བསམ་གྲུབ་ཡུག་ཁུལ་གསུམ་པ་བཅས་སུ་ཕེབས་ནས་སྡོང་ཕྲུག་གི་སྐྱེ་འཚར་ལ་ལྟ་ཞིབ་གནང་སྟེ་ཤིང་སོན་འདེམས་པ་དང་། སྐྱེ་འཚར་གྱི་དུས་འཁོར། རྒྱུན་གཏན་གྱི་བདག་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་ཞིག་དང་། བྱས་རྗེས་དེང་འདིར་བཞག་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པའི་འཐབ་ཇུས་ལས་འགན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཏུ་བརྩིས་ནས་ཐབས་མང་མཉམ་སྤྱོད་དང་། རྒྱུན་སྲིང་ལྷོད་མེད། ལས་དོན་ཡག་པོ་དང་ཏན་ཏིག་སྒྲུབ་དགོས། ལག་ལེན་ཁྲོད་ཉམས་མྱོང་འཚོལ་ཞིབ་བྱེད་པ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་བྱེད་པ། དཔལ་འབྱོར་ནགས་ཚལ་འདེབས་འཛུགས་ཁྱབ་གདལ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱིས་ཁས་ལེན་བྱེད་པའི་ཤིང་སྡོང་ཡག་པོ་འཛུགས་པ་དང་ལས་བྱེད་པའི་སྤྱོད་གཙང་གི་ཤིང་སྡོང་ཡག་པོ་འཛུགས་དགོས། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བདེ། སྐྱེ་ཁམས་དམངས་ཆེད་བཅས་མཐའ་འཁྱོངས་ཀྱིས་སྡོང་རྐང་རེ་རེ་བཞིན་འདེབས་པ་དང་མི་རབས་ནས་མི་རབས་བར་རྒྱུན་བསྐྱངས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ལྷོ་ཁ་གྲོང་ཁྱེར་ས་མཐོའི་སྐྱེ་དངོས་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་འགྲེམས་སྟོན་རྟེན་གཞིར། ཡན་ཅིན་ཧའེ་ཡིས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ནན་ཏན་ངང་གསན་པ་དང་། བྱེ་འགྱུར་ཞན་འགྱུར་གྱི་ས་ཆ་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་འབྲས་ལ་ལྟ་ཞིབ་གནང་བ་རེད། ཁོང་གིས། འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། ཕྱོགས་བསྡུས་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་འཇགས་ས་སྲུང་དང་སྔོ་ཁེབས་སླར་གསོར་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། དེ་རྗེས་ཡན་ཅིན་ཧའེ་གྲ་ནང་རྫོང་གི་སྡོང་ཐུང་ཀུ་ཤུའི་རྣམ་སྲས་གླིང་གི་གླིང་ཁུལ་ཨང་2པར་ཕེབས་ཏེ་གླིང་ཁུལ་གྱིས་དེང་རབས་ཅན་གྱི་འདེབས་འཛུགས་ལག་རྩལ་ནང་འདྲེན་དང་། ས་ཞིང་བེད་སྤྱོད་བྱེད་ཚད་དང་ཤིང་ཏོག་གི་ཐོན་ཚད་དང་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་ཚུལ་སྐོར་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཚན་རིག་དང་མཐུན་པའི་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འོས་འཚམ་གྱི་སྣ་ཁ་འདེམས་གསོ་བྱེད་པ། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཐོན་ལས་འཕེལ་རྒྱས་གཏོང་རིང་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འཇམ་དཔལ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།