དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལན་སྤྲོད་གནད་དོན་གྱི་དག་ཐེར་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-11

    ཚེས་9ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལན་སྤྲོད་གནད་དོན་གྱི་དག་ཐེར་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱང་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། རྣམ་འགྱུར་བརྟན་ཤོས་དང་། བླང་བྱ་ནན་ཤོས། བྱེད་ཐབས་གོ་ཆོད་ཤོས་བཅས་ཀྱི་ཐོག་ནས་གནད་དོན་ཕྱོགས་ཡོངས་ནས་དག་ཐེར་མཐར་ཕྱིན་བྱེད་པར་དམ་འཛིན་གང་ལེགས་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་བརྟན་དུ་མཐའ་གཅིག་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་ལྷ་ས་གྲོང་ཁྱེར་གད་སྙིགས་མེ་སྲེག་གློག་ཁང་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་གད་སྙིགས་ཚུར་བསྡུ་དང་། མེ་སྲེག་གློག་འདོན། དུ་རླངས་གཙང་སེལ་སོགས་ཀྱི་ལྟེ་བའི་བཟོ་རྩལ་ལྷུ་ཚིགས་ལ་གཟིགས་ཞིབ་གནང་བ་མ་ཟད། གཉེར་སྐྱོང་དོ་དམ་གྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་ཀྱང་གནང་ཞིང་། ཁོང་གིས། ནུས་ལྡན་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འབོར་ཉུང་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་ཀྱི་རྩ་དོན་གཞིར་བཟུང་། ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་བའི་འཁོར་སྐྱོད་དང་བཟོ་རྩལ་ལག་རྩལ་རྒྱུན་མཐུད་མཐོ་རུ་བཏང་སྟེ་འབྱུང་རྩ་ནས་འབོར་ཚད་ཉུང་གཏོང་དང་། བརྒྱུད་རིམ་ལ་དོ་དམ་ཚོད་འཛིན། མཇུག་སྣེར་བེད་སྤྱོད། འཁོར་འབྲེལ་ཧྲིལ་པོ་གནོད་མེད་ཅན་གྱི་དོ་དམ་བཅས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་ནུས་ཤུགས་ཡོད་རྒུས་སྐྲུན་དགོས་ཞེས་གསུངས་པ་རེད། ལྷ་ས་གྲོང་ཁྱེར་ཨར་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གཙང་སེལ་ལྟེ་གནས་སུ། ཀརྨ་ཚེ་བརྟན་གྱིས་ཨར་སྐྲུན་གད་སྙིགས་གསོག་ཚད་ཀྱི་གནས་ཚུལ་དང་རྒྱུན་གཏན་གྱི་ཚད་ལྡན་དོ་དམ་བྱེད་སྟངས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཨར་སྐྲུན་གྱི་གད་སྙིགས་བཅོས་སྒྲིག་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། དེར་བརྟེན། འདུ་ཤེས་དང་། བསམ་ཕྱོགས། བྱ་ཐབས་བཅས་ལ་འགྱུར་ལྡོག་མྱུར་པོ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་མ་ལག་བཅོས་སྐྱོང་ཟུང་འབྲེལ་དང་། གསོག་འབོར་བཅོས་སྐྱོང་དང་འཕར་ཚད་ཚོད་འཛིན་ཟུང་འབྲེལ། གཙང་སེལ་ནུས་ལྡན་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱེད་པ། ཨར་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གྱི་གཙང་སེལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཕན་མེད་གད་སྙིགས་ཕན་ཡོད་དུ་བསྒྱུར་བར་བྱས་ནས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་ལྷ་ས་གྲོང་ཁྱེར་གདོང་དཀར་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ལྟེ་བའི་ཚོད་འཛིན་ཁང་དུ་ཕེབས་ཏེ། བཙོག་ཆུ་བསགས་ནས་གཙང་གསིང་བྱེད་པའི་བཟོ་རྩལ་གྱི་བརྒྱུད་རིམ་དང་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་ཉེ་རིང་ཟུང་འབྲེལ་བྱས་ཏེ་རྩེ་རིམ་ཇུས་འགོད་ཡག་པོ་བྱས་ནས་བཙོག་ཆུ་གསོག་པ་དང་གཙང་གསིང་གི་ནུས་པ་དེ་ཡུག་ཁུལ་གྱི་མི་འབོར་ལ་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ། ཆུའི་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་བ་བཅས་ཀྱི་བླང་བྱ་དང་འཚམ་པའི་འགན་ལེན་བྱེད་དགོས། དག་ཐེར་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་ཆུ་འདྲེན་དང་། གཙང་གསིང་། ཆུ་དོན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བཙོག་ཆུ་གཙང་གསིང་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དོ་དམ་བྱེད་སྟངས་གསར་གཏོད་དང་། དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཁོར་སྐྱོད་བརྟན་པོ་དང་བདེ་འཇགས་ཡོང་བར་འགན་སྲུང་བྱེད་པ་བཅས་བྱས་ཏེ་ཆུའི་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས་གྲོང་ཁྱེར་གྱི་བྱེད་ནུས་སྤུས་ཚད་དང་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།