ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ཏེ། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པ། རང་འགན་གཙང་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས། 2025ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་གནས་ཚུལ་དང་། 2026ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་དམིགས་ཚད་མ་ལག་དང་ལྗོངས་ཐད་གཏོགས་ཚན་པའི“‘དོན་ཆེན་བཞིར’དམིགས་པ་དང་། ‘འཛུགས་གཏོད་བཞིར’ཤུགས་སྣོན་རྒྱག་པའི”དམིགས་ཚད་ལས་འགན་གཏན་འབེབས་བྱས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པའི་དཔྱད་ཞིབ་ལས་དོན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པ། རང་འགན་གཙང་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པའི་དཔྱད་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་དང་། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་དོན་ལས་རྗེས་ཀྱི་དཔྱད་ཞིབ་གདེང་འཇོག་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་བཀོད་འདོམས་དབྱུག་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། རིམ་ཁག་འགོ་ཁྲིད་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་ལེན་ནན་པོ་བསྟར་བར་སྐུལ་འདེད་གཏོང་བ། ཡང་དག་པའི་ལས་ཀའི་སྟོན་ཕྱོགས་ཏན་ཏིག་ཆགས་དགོས་པ”དང“ཧེ་བག་ཅན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དཔྱད་ཞིབ་ཀྱི་དམིགས་སའི་རང་བཞིན་དང་ཚན་རིག་རང་བཞིན་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་ནས། ང་ཚོར་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དཔྱད་ཞིབ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་ནི་རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་དང་། རྒྱ་ཆེའི་ལས་བྱེད་པས་དངོས་འཛིན་དངོས་སྒྲུབ་དང་ལས་སྒྲུབ་ལས་གཏོད་ལ་སྐུལ་འདེད་བཏང་ནས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་སྟོན་ཕྱོགས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་རྒྱ་ཆེའི་ལས་བྱེད་པས་རང་འགན་ཐེག་པ་ཁུར་ལེན་ལ་སྣེ་ཁྲིད་བྱེད་དགོས། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ལས་བྱེད་པས“གཏན་འཁེལ་གཉིས”ལ་དེ་བས་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་ཁྲིད་སྟོན་བྱས་ཏེ། ཏང་གཤིས་བློ་སྦྱོང་ཆེ་རུ་ཏན་ཏིག་གཏོང་བ་དང་། བསམ་བློའི་གོ་རྟོགས་ཟབ་ཏུ་ཏན་ཏིག་གཏོང་བ། དམིགས་ཡུལ་གྱི་འདུ་ཤེས་ཧ་ཅང་བརྟན་པོར་འཛུགས་པ། སྤྱི་དོན་དུ་ཏང་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་དོན་ལས་རྗེས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ། རང་ཉིད་ཀྱི“དཀའ་སྡུག་སྟོན་གྲངས”ལ་བརྟེན་ནས་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”དང་བྱ་གཞག་གི“འཕེལ་རྒྱས་སྟོན་གྲངས”ཧུར་ཐག་མངོན་པར་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་བསྡུས་ལས་རྗེས་གདེང་འཇོག་བྱེད་ཐབས་དང་དམིགས་ཚད་མ་ལག་སོགས་དོན་འཁྱོལ་ནན་ཏན་བྱས་ཏེ། ལྟེ་བའི་ལས་དོན་གང་ལ་སྐུལ་འདེད་བཏང་ན་དཔྱད་ཞིབ་ལས་དོན་དེ་གར་རྗེས་སྙེགས་ཐུབ་པར་བྱས་ནས། རྒྱ་ཆེའི་ལས་བྱེད་པས་རང་འགན་ནན་ཏན་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་། ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་དང་གཟབ་ནན་ཞིབ་ཚགས་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་བྱེད་པར་དམ་འཛིན་ལྷོད་མེད་བྱས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐུབ་པའི་བྱས་འབྲས་དངོས་ཧུར་ཐག་གཏོད་དགོས། དམངས་ལ་བདེ་རྩ་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་གལ་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་དབུས་སུ་འཇོག་པ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ། འཕྲོད་བསྟེན། སྡོད་ཁང་སོགས་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་། དེ་བས་དྲང་སྙོམས། དེ་བས་དྲང་གཞག་བཅས་ཀྱི་སྒོ་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དཔྱད་ཞིབ་བྱེད་སྟངས་དང་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་དཔྱད་ཞིབ་ལས་དོན་གྱི་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་ཧུར་ཐག་གཏོང་དགོས། རིགས་དབྱེ་ཇུས་བསྟར་དང་ཧེ་བག་དཔྱད་ཞིབ་མཐའ་འཁྱོངས་ཀྱིས《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལས་དོན་སྲོལ་ཡིག》ལག་བསྟར་ནན་པོ་བྱེད་པ་དང་། རྒྱུན་གཏན་གྱི་དཔྱད་ཞིབ་དང་། ལོ་འཁོར་གྱི་དཔྱད་ཞིབ། ཆེད་དོན་དཔྱད་ཞིབ། འགན་འཁུར་ཡུན་གྱི་དཔྱད་ཞིབ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། རིགས་དབྱེའི་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གི་དོན་དངོས་མི་འདྲ་བ་དང་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱེད་པ། ཚན་རིག་དང་མཐུན་པའི་ངང་དཔྱད་ཞིབ་དམིགས་ཚད་བཟོ་བ། དཔྱད་ཞིབ་ཀྱི་གནད་སྨིན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། དངོས་སྒྲུབ་དང་ལས་རྗེས་དངོས་ལ་དེ་བས་སྣང་ཆེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དམ་པ་དོན་གཉེར་དེ་དཔྱད་ཞིབ་ལས་དོན་གྱི་གཞི་འཛིན་སར་བརྩི་བ་དང་། “མངོན་གསལ་གྲུབ་འབྲས”ལ་ལྟ་དགོས་ལ“མངོན་མེད་གྲུབ་འབྲས”ལའང་ལྟ་དགོས། མིག་སྔར་གཞི་ཚུགས་པ་དང་ཕུགས་ཀྱི་ཕན་འབྲས་ལའང་དམིགས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཕྱི་མཛེས་ནང་སྟོང་གི“སྲིད་དོན་ལས་རྗེས་འདུ་འགོད”དང“ངོ་སོའི་འདུ་འགོད”མི་གཉེར་བར་རྒྱ་ཆེའི་ལས་བྱེད་པས་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་གདེང་འཇོག་མཐའ་འཁྱོངས་ཀྱིས་ལས་ཀའི་འདུ་ཤེས་དང་བསམ་ཕྱོགས་དང་བྱ་ཐབས་ཟམ་མི་ཆད་པར་གསར་གཏོད་བྱེད་པ་དང་། སྐོར་གཟིགས་དང་། རྩིས་བཤེར། ལྟ་སྐུལ་ཞིབ་བཤེར། མང་ཚོགས་ཀྱི་གདེང་འཇོག་སོགས་ཐད་ཀྱི་གྲུབ་འབྲས་སྤྱི་འདོམས་བེད་སྤྱོད་བྱེད་པ། ཕྱོགས་ཡོངས་དང་། དངོས་ཡོད། ལོ་རྒྱུས་བཅས་ཀྱི་ཐོག་ནས་ལས་བྱེད་པའི་ལས་རྗེས་དངོས་ལ་ལྟ་བ། དཔྱད་ཞིབ་ཀྱི་གྲུབ་འབྲས་ལས་ལས་བྱེད་པའི་ལས་ཀའི་ཕན་འབྲས་མཚོན་པའི་འགན་ལེན་བྱེད་པ་བཅས་བྱས་ནས་དཔྱད་ཞིབ་གྲུབ་འབྲས་ལ་ལག་ལེན་དངོས་ཀྱི་ཉམས་སད་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དཔྱད་ཞིབ་གྲུབ་འབྲས་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་འདོམས་དབྱུག་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། རྒྱ་ཆེའི་ལས་བྱེད་པར་དམ་པ་དོན་གཉེར་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པའི་ལྕག་སྐུལ་བྱེད་དགོས། ཡང་དག་པའི་མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་འཛུགས་པ་དང་། དཔྱད་ཞིབ་དང་བཀོལ་སྤྱོད་ཟུང་འབྲེལ་དང་དཔྱད་ཞིབ་དང་བཀོལ་སྤྱོད་ངོ་མ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། ལྷག་བསམ་རྣམ་དག་དང་། ཁ་ཞེ་གཉིས་མེད། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་ཡག་པོ་འདེམས་པ་དང་བཀོལ་སྤྱོད་བྱེད་པ། ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་སྐྲུན་པ། རིམ་ཁག་འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་པ། མི་ནུས་གང་ཡོད་འདོན་པ་དང་ཤེས་ལྡན་པ་གང་ལེགས་སྤྱོད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ལས་བྱེད་པར་སློབ་གསོ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་རང་གཤིས་སྔར་བས་སྦྱོང་བརྡར་བྱེད་པ། བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་ས་ཡོད་པའི་སྒོ་ནས་ཆེད་ལས་ཅན་གྱི་ནུས་པ་གསོ་སྦྱོང་དང་ལག་ལེན་ཁྲོད་སྦྱོང་བརྡར་བྱེད་པ། རྒྱ་ཆེའི་ལས་བྱེད་པས་ཞན་ཆ་དང་ཉམས་ཞན་སེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལས་ཀའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དཔྱད་ཞིབ་བྱས་འབྲས་ཀྱི་ལན་སྤྲོད་ལས་དོན་ཡག་པོ་སྒྲུབ་པ། བྱ་དགའ་དང་ཆད་གཅོད་དབྱེ་བ་གསལ་པོ་བྱས་ནས་ལེགས་པར་བྱ་དགའ་སྤྲོད་པ་དང་ཞན་པར་ཆད་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། འཇོན་པ་ཡར་བསྐོ་དང་། མི་འཇོན་མར་ཕབ། བྱས་པ་ཅན་ལ་གནས་ཐོབ་ཡོད་པ། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པར་འཇོན་ཐང་ངོམས་ས་ཡོད་པ། རྒྱ་ཆེའི་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་ལྕག་སྐུལ་དང་ཁྲིད་སྟོན་བཅས་བྱས་ནས་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་བྱས་རྗེས་འཇོག་ཕོད་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ནན་པོ་འཁུར་བ་དང་། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དཔྱད་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་ཏན་ཏིག་གཏོང་བ། དཔྱད་ཞིབ་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་དཔྱད་ཞིབ་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། རྒྱ་ཆེའི་ལས་བྱེད་པའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འགན་འཁུར་ཕོད་པའི་སྙིང་སྟོབས་ལ་སྐུལ་འདེད་གཏོང་བ། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་འདོགས་པ། དམངས་སེམས་ཐོབ་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་སྒྲུབ་པ། འཆར་གཞི་ཡག་པོ་འདིང་བ། སྐབས་རིམ་བྱུང་གིས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།