དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-07

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་ཕེབས་ནས་འོད་དྲོད་རྣམ་གྲངས་འཛུགས་སྐྲུན་དང་། ས་འོག་ཚ་ནུས་གློག་ཁང་འཁོར་སྐྱོད། འབྲོག་ལས་ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    རེན་ཝེ་དང་བཅས་པ་སྔ་རྗེས་སུ་འདམ་གཞུང་རྫོང་དབུ་མ་ཐང་ཤང་ཀྲུང་ཀོང་ཉིང་ནུས་འོད་དྲོད་རྣམ་གྲངས་འཛུགས་སྐྲུན་ས་ཚིགས་དང་། ལུང་རིང་ཤང་འཕྲིན་ལས་ཡེ་ཤེས་ཁྱིམ་ཚང་འབྲོག་ར། རྒྱས་དར་ཤང་ཡངས་ཡིད་ས་འོག་ཚ་ནུས་གློག་ཁང་སོགས་ཀྱི་ཨར་ལས་བྱ་ཡུལ་དང་། ཐོན་སྐྱེད་འཁོར་ཁང་། གཞི་རིམ་གྱི་འཐབ་ས་དང་པོ། གྲོང་ཚོ་དང་དུད་ཚང་བཅས་སུ་ཕེབས་ཏེ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་བ་མ་ཟད། ཚང་མར་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ཁེ་ལས་དེ་བས་མང་བ་ནང་འདྲེན་བྱས་ནས་བོད་ལ་གཞི་ཚུགས་པ་དང་མ་འཇོག་བོད་དར་ཐུབ་པ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    རེན་ཝེ་ཡིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། ཡུལ་བབ་དང་བསྟུན་ནས་ནུས་རྒྱུ་གཙང་མ་དང་ཁྱད་ལྡན་ཞིང་འབྲོག་ལས་སོགས་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངོས་ཚན་དཔལ་འབྱོར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་གཏོང་དགོས། ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་པ་དང་། ཐོན་རྫས་ཞིབ་སྤེལ་ཡག་པོ་བྱེད་པ། ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་སྐོང་བ་དང་ཆབས་ཅིག་ལྗོངས་ཕྱིའི་ཁྲོམ་ར་ཧུར་ཐག་གཏོད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་གཏོང་བ་དང་། ཁེ་ལས་ཀྱི་རེ་ཞུ་ནན་ཏན་ངང་ཉན་པ་དང་ཐག་གཅོད་བྱེད་པ། ཁེ་ལས་འཕེལ་རྒྱས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་རོགས་ཧུར་ཐག་བྱེད་པ། སྲིད་ཇུས་དང་། མ་དངུལ། ཤེས་ལྡན་པ་བཅས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁེ་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གཉེར་སྐྱོང་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མཐུན་རྐྱེན་སྐྲུན་དགོས། དམངས་ཕྱུག་འབབ་འཕར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལས་ཞུགས་དང་འཛུགས་སྐྲུན་ནང་ཞུགས་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱེད་པ། ཞིང་འབྲོག་པའི་རྩ་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཕྱུག་འགྱུར་སྣེ་ཁྲིད་པའི་ནུས་པ་ཡག་པོ་འདོན་པ། རྒྱ་ཆེའི་གྲོང་མིའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།