དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་ཉིང་ཁྲི་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-06

    ཟླ་3ཚེས་30ཉིན་ནས་ཟླ་4ཚེས་3ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཉིང་ཁྲི་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ་རེད། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ཡུལ་བབ་དང་བསྟུན་ནས་སྐུལ་འདེད་གཏོང་བ། ཞིང་འབྲོག་པར་འབབ་འཕར་རྒྱུན་མཐུད་དང་བརྟན་པོ་ཡོང་བར་ཐབས་བརྒྱ་ཇུས་སྟོང་གིས་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

    བྲག་ཡིབ་ཆུས་སུ་ཡོད་པའི་ཉིང་ཁྲི་གྲོང་ཁྱེར་གྱི་དེ་སྔའི་ཨར་སྐྲུན་གད་སྙིགས་སྦས་སར། ཀརྨ་ཚེ་བརྟན་གྱིས་ས་གནས་ས་ཐོག་ཏུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ལན་སྤྲད་པའི་གནད་དོན་དག་ཐེར་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས “རི་གཉིས”ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་ཀྱིས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། དག་ཐེར་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཏེ། དག་ཐེར་དོན་འཁྱོལ་མཐར་ཕྱིན་པ་དང་དམིགས་སར་འབྱོར་བའི་འགན་ལེན་བྱེད་དགོས་པ་དང་། གཅིག་ཤེས་ཀུན་གྲོལ་གྱིས་གནད་དོན་གཅིག་ཐག་གཅོད་བྱེད་པ་ནས་གནད་དོན་རིགས་གཅིག་ཐག་གཅོད་བྱེད་པའི་བར་ཁྱབ་པར་བྱེད་པ་དང་། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། དག་ཐེར་གྱི་ཕན་འབྲས་དངོས་དངོས་རྗེན་རྗེན་ལ་བརྟེན་ནས་སྐྱེ་ཁམས་དམངས་ཕན་གྱི་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་ཇ་ར་དང་ཤིང་འབྲས་ར་བ་དང་། འདེབས་འཛུགས་རྟེན་གཞི། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་བཅས་སུ་ཕེབས་ཏེ། ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་བཞུགས་ནས་ཐོན་སྐྱེད་སྐོར་སྐད་ཆ་འདྲི་བ་དང་། ཐོན་རྫས་ལ་ལྟ་བ། ཁྲོམ་རའི་སྐོར་གླེང་བ་བཅས་བརྒྱུད། ཐོན་ལས་ཀྱིས་འབབ་འཕར་ལ་སྐུལ་ཁྲིད་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་གྱིས་ནུས་ལྡན་ཁྲོམ་ར་དང་ནུས་ཆེའི་སྲིད་གཞུང་དབར་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་པ་དང་། རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་སྲིད་ཇུས་བྱེད་ཐབས་ཁྱད་ལྡན་ཐོན་ལས་ཕྱོགས་སུ་གཅིག་ཏུ་འདུ་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས། ཐོན་ལས་ཀྱི་གནས་ཐང་འཕར་བ་དང་། ཁེ་ལས་ཀྱི་ལས་ཕྱོད་ཆེ་རུ་འགྲོ་བ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་དང་། ཁོང་གིས་ཁེ་ལས་གཉེར་སྐྱོང་བར་སྤུས་ཚད་ཨང་དང་པོར་འཇོག་པ་མཐའ་འཁྱོངས་ཀྱིས་ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས། ཐོན་རྫས་སྤུས་ལེགས་བཟོ་བ་དང་། སྤུས་རྟགས་སྟོབས་ཆེར་གཏོང་བ། ཁྲོམ་ར་ཆེན་པོ་གཏོད་པ་བཅས་བྱེད་དགོས། ཞིང་པར་འབྲེལ་གཏུག་དང་སྐུལ་ཁྲིད་བྱེད་པའི་ཁེ་ཕན་གཅིག་ཏུ་སྦྲེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཞིང་འབྲོག་པར་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཕན་པ་དེ་བས་མང་བ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་པའི་མངགས་བྱ་གནང་བ་རེད། ཁོང་གིས་ས་གནས་དེ་གའི་མང་ཚོགས་ཀྱིས་ཕན་པ་གང་ནས་བྱུང་མིན་གསལ་པོ་ཤེས་པ་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བློ་བརྟན་འགྱུར་མེད་ངང་བྱེད་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་འཁོར་འབྲེལ་ལ་རང་འགུལ་ངང་ཞུགས་པ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་བཅས་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཡག་པོ་ཞིག་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

    ཀརྨ་ཚེ་བརྟན་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དུ་ཕེབས་ནས་དགེ་སློབ་ཚོ་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། ཁོང་གིས་གྲོང་གསེབ་རྒྱ་ཆེ་ཞིང་ཞིང་ལས་ལ་མདུན་ལམ་ཧ་ཅང་ཆེན་པོ་ཡོད་པས། ལས་ཞུགས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཆེད་ལས་གསར་འཛུགས་དེ་ཐོན་ལས་འཕེལ་རྒྱས་དང་ཁྲོམ་རའི་དགོས་མཁོ་དང་འཚམ་མཐུན་ཡོང་བར་སྣང་ཆེན་བྱེད་པ་དང་། ཞིང་ལས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ལས་ཤེས་པ་དང་ཞིང་པར་དགའ་བའི་ཆེད་ལས་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཀརྨ་ཚེ་བརྟན་གྱིས་ཆུ་བོ་དང་ནགས་ཚལ་ལ་སྐོར་ཞིབ་བྱེད་པའི་ལས་དོན་སྤེལ་བ་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་དཔུང་ཁག་འཛུགས་སྐྱོང་བྱས་ཚུལ་གྱི་ངོ་སྤྲོད་གསན་ཞིང་། ཁོང་གིས་ཚང་མའི་འགན་འཁྲི་ནན་དུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་བརྒྱབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།