དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ།

    ལས་ཁུངས་ཏང་འཛུགས་སྐྱོང་གི“རླུང་ཕྱོགས་སྟོན་རྟགས”ནུས་པ་གང་ལེགས་བཏོན་ནས“ལོ་ལྔ་ཚན་བཅོ་ལྔ་པ”ཡི་འགོ་ཡག་པོ་འཛུགས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-04

    ཚེས་2ཉིན། 2026ལོའི་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལས་དོན་དང་སྒྲིག་བཤེར་ལས་དོན་ཚོགས་འདུ་དང་། 2025ལོའི་ལོ་འཁོར་གྱི་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་འགན་སྒྲུབ་གསལ་ཞུའི་དཔྱད་གླེང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་ཏང་འཛུགས་སྐྱོང་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་སློབ་སྦྱོང་ལག་བསྟར། 2025ལོའི་ལས་དོན་ཕྱོགས་སྡོམ། 2026ལོའི་ལས་འགན་བཀོད་སྒྲིག་བཅས་བྱས་ཏེ། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།

    ཝང་ཅུན་ཀྲེང་གིས་མཆན་བཀོད་མཛུབ་སྟོན་ནང་གསུངས་དོན། 2025ལོར་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ལྟེ་བར་དམིགས་པ་དང་། དཔུང་ཁག་འཛུགས་སྐྱོང་། མང་ཚོགས་ལ་ཞབས་ཞུ་བཅས་མཐའ་འཁྱོངས་དང་། ལས་ཁུངས་ཏང་འཛུགས་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་འགན་སྲུང་ནུས་ལྡན་བྱས་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅོ་ལྔ་པ”ཡི་འགོ་ཚུགས་ལོ་རེད། ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་ཏང་འཛུགས་སྐྱོང་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་གཞིགས་པ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་དཔེ་བཟང་ཆབ་སྲིད་ལས་ཁུངས་དང་། ཞབས་ཞུ་ལས་ཁུངས། ནུས་ཕྱོད་ལས་ཁུངས། སྤྱོད་གཙང་ལས་ཁུངས། འགན་འཁྲི་ལས་ཁུངས་བཅས་འཛུགས་སྐྱོང་བྱེད་པ་དམ་འཛིན་བྱ་གཞིར་བརྩི་རྒྱུ་མཐའ་འཁྱོངས་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་འཛིན་པ། རང་འགན་གཙང་སྒྲུབ་ཧུར་ཐག་དང་རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་བྱེད་པ། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལས་ཁུངས་ཏང་འཛུགས་སྐྱོང་གི“རླུང་ཕྱོགས་སྟོན་རྟགས”ཀྱི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

    ཝང་ཅུན་ཀྲེང་གིས་བླང་བྱ་བཏོན་དོན། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྡེ་ཚན་ཁག་གི་ཏང་ཙུའུ(ཏང་ཨུད)ལ་ལས་ཁུངས་ཏང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དེ་བས་ཡག་པོ་སྒྲུབ་པར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་དད་སེམས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་བྱེད་ནུས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཆབ་སྲིད་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོར་དམ་པོར་དམིགས་པ། བསམ་བློ་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ། རྩ་འཛུགས་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་འཛུགས་སྐྱོང་གི་མཐའ་ཚད་ཡག་པོ་སྲུང་བ། ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ལས་ཁུངས་ཏང་འཛུགས་སྐྱོང་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།