ཡན་ཅིན་ཧའེ་ཡིས་བྲག་ཡེར་པ་དགོན་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།
ཟླ་3ཚེས་31ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་བྲག་ཡེར་པ་དགོན་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་དགོན་པའི་ལོ་རྒྱུས་དང་། དགོན་སྡེ་དོ་དམ། “འདུ་ཤེས་གསུམ”གྱི་སློབ་གསོ། རིག་དངོས་སྲུང་སྐྱོབ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། དགོན་སྡེའི་དགེ་འདུན་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་སོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་།ཁོང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་། གྲྭ་བཙུན་ལ“ཆོས་ལུགས་ལས་རྒྱལ་ཁབ་གཙོ་ཆེ་བ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ་ཆེ་བ། ཆོས་པ་སྔོན་ལ་སྤྱི་དམངས་ཡིན་པ”བཅས་ཀྱི་འདུ་ཤེས་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་སློབ་གསོ་ཁྲིད་སྟོན་བྱས་ཏེ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་ཡག་པོ་བཏོན་ནས་ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདུལ་ཁྲིམས་དང་བསྟན་དོན་གྱི་འཆད་འགྲེལ་ནང་རང་རྟོགས་ངང་མཉམ་འདྲེས་ཐུབ་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས། རིག་དངོས་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་ལ་མངའ་བའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་སྔོག་འདོན་ལེགས་སྒྲིག་གཏིང་ཟབ་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། དེང་རབས་ཀྱི་ཚན་རིག་ལག་རྩལ་དང་ཆ་འཕྲིན་ཅན་གྱི་ཐབས་ཤེས་སྤྱད་ནས་རིག་དངོས་ཀྱི“གསོན་ཤུགས”འཕེལ་བ་བཅས་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་གཏམ་རྒྱུད་ཡག་པོ་བརྗོད་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་ནས་སྤེལ་བ་དང་། རྒྱུན་དུ་སྤེལ་བ། གཞི་རིམ་དུ་དོན་འཁྱོལ་ཐུབ་པ་བཅས་བྱེད་པ་དང་། དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། གློག་སྐུད་བཀོད་སྒྲིག་བྱེད་ལེགས་སུ་གཏོང་བ། དགོན་སྡེའི་མེ་ཟོན་བདེ་འཇགས་གསོ་སྦྱོང་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས། རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་གནང་བར། རྒྱ་ཆེའི་དགོན་པར་བཅའ་སྡོད་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ། ཏང་གི་དམངས་ཕན་སྲིད་ཇུས་དང་ཆོས་ལུགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དགོན་སྡེའི་གྲྭ་བཙུན་གྱི་འཚོ་བར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ཁོང་ཚོའི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བྱེད་པ། དགོན་སྡེ་དོ་དམ་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།