ཀརྨ་ཚེ་བརྟན་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་འབབ་འཕར་གྱི་ས་གནས་ས་ཐོག་གི་ཚོགས་འདུར་ཞུགས་པ།
ཉེ་ཆར། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་འབབ་འཕར་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ། རྒྱུན་སྲིང་ལྷོད་མེད་ངང་ཞིང་དར་ཞིང་ཕན་ཞིང་ཕྱུག་ཡོང་བར་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དྲང་གཞག་ཐོབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།
ཚེ་རིང་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་པའི་འབབ་འཕར་ཐད་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ནས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་དུ་བརྩིས་པའི་ཆབ་སྲིད་ཀྱི་དོན་སྙིང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞིབ་བཤེར་བྱེད་པ་འགག་རྩའི་དམིགས་ཚད་དུ་བརྩིས་པའི་དམངས་འཚོའི་དོན་སྙིང་། ཐུན་མོང་ཕྱུག་འགྱུར་ཡོང་བ་ཁ་ཚ་དགོས་གཏུགས་ཀྱི་བླང་བྱར་བརྩིས་པའི་ལོ་རྒྱུས་ཀྱི་དོན་སྙིང་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ། འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་གྲུབ་འབྲས་དངོས་དང་ཕན་འབྲས་དངོས་དོན་འཁྱོལ་གང་ལེགས་བྱས་ནས། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་བྱེད་པའི་དམིགས་ཚད་དང་ལས་འགན་ལ་དམིགས་ནས། སྤྱི་འབོར་མང་དུ་གཏོང་བ་དང་གྲུབ་ཆ་ལེགས་སུ་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ས་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེ་ཇུས་བསྟར་བཅས་བྱེད་པ་དང་། རྫོང་ཁོངས་དཔལ་འབྱོར་ལེགས་སུ་གཏོང་བའི་བྱ་སྤྱོད་དང་། སྲིད་ཇུས་མཁོ་སྤྲོད་བྱ་སྤྱོད། ཡོང་འབབ་ཀྱི་གྲུབ་ཆ་ལེགས་གཏོང་བྱ་སྤྱོད། འབབ་འཕར་སྣེ་ཁྲིད་བྱ་སྤྱོད། འབབ་འཕར་འགག་སྒྲོལ་བྱ་སྤྱོད། འབབ་འཕར་ཤུགས་སྣོན་བྱ་སྤྱོད། གཙོ་གནད་ཤང་དང་གྲོང་རྡལ་གྱི་རོགས་སྐྱོར་བྱ་སྤྱོད་བཅས“བྱ་སྤྱོད་ཆེན་པོ་བདུན”ལག་ལེན་ཤུགས་ཆེན་བསྟར་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་དེ་བས་འགན་ལེན་དང་། དེ་བས་རྒྱུན་མཐུད་ཐུབ་པ། འཚོ་བ་དེ་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པ་བཅས་ཡོང་བར་བྱེད་དགོས།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ནི་ཡུན་རིང་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་ལས་དོན་ཞིག་རེད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲིའི་འབྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་དང་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས། འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་འབབ་འཕར་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་གནད་སྨིན་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། “གྲངས་འཛིན་འབབ་འཕར” དང“འབབ་འཕར་རྫུན་མར”གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་བྱེད་དགོས།
མིག་སྔ་ནི་དཔྱིད་དུས་ཀྱི་སོ་ནམ་ལས་ཀའི་འགག་རྩའི་དུས་སྐབས་ཡིན་ཞིང་། ཀརྨ་ཚེ་བརྟན་གྱིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་གཏིང་ཟབ་བསྟར་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་ལས་འགན་ལྕི་པོ་མཐའ་གཅིག་ཏུ་ཁུར་ནས། དཔྱིད་རྨོད་དཔྱིད་འདེབས་དང་འབྲོག་ལས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དམ་འཛིན་དང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་ཐོན་འབབ་ཡག་པོ་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།