དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-28

    ཚེས་26ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》སློབ་སྦྱོང་ནན་ཏན་བྱས་པ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་སྤེལ་གཏོང་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

    སྐྱེ་ཁམས་ཁོར་ཡུག་པུའུ་ཁྲིམས་སྲོལ་དང་ཚད་གཞི་སི་ཡི་སི་ཀྲང་ཀྲའོ་ཁོ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ལ་དམིགས་ནས་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ནང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་བླ་སྲོག་དང་རྩ་འཛིན་དུ་བྱས་ཡོད་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་ཁྲིམས་སྐྱོང་གི་འགན་ལེན་གལ་ཆེན་བྱས་ཡོད། དེར་བརྟེན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་དགོས་ཤིང་། བོད་ཀྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་པ་དང་འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ཡིན་ལ་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པར་ངོས་འཛིན་གཏིང་ཟབ་དང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སློབ་སྦྱོང་དྲིལ་བསྒྲགས་དང་། ལག་བསྟར་ནུས་ལྡན། ལམ་ལུགས་སྦྲེལ་མཐུད་བཅས་བྱེད་པར་དམ་འཛིན་ཡག་པོ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་གངས་ལྗོངས་ས་མཐོར་དོན་འཁྱོལ་ཐུབ་པའི་འགན་ལེན། ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་བཙན་ཤོས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་མཐའ་གཅིག་ཏུ་བརྟན་དུ་གཏོང་དགོས།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་རྒྱུ་སྤུས་དང་འབྲེལ་བ་ཡོད། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། དེས་ན། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་དམིགས་ཚད་གཞི་རྩར་བྱེད་དགོས་ཤིང་། “ཁྲི་སྟོང་འདུ་དགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཀྱིས་ལེགས་ཆ་བེད་སྤྱོད་ཡག་པོ་དང་ཞན་ཆ་སེལ་བ་དང་། ལས་དོན་སྤེལ་ཤུགས་དེ་བས་ཆེ་བའི་ཐོག་ནས་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་གསོན་ཤུགས་རྒྱས་པར་བྱེད་པ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་ཤིང་། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས། ཞིང་འབྲོག་པ་ཐོན་ལས་འཁོར་འབྲེལ་གྱི་ལས་དོན་ཁག་ལ་གཏིང་ཟབ་ཞུགས་སུ་བཅུག་སྟེ། ཐོན་ལས་འཁོར་འབྲེལ་གྱི་གནས་ཐང་འཕར་བའི་ཕན་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། ཞིང་ཕན་སྲིད་ཇུས་མང་དུ་གཏོང་དགོས་ཤིང་། ཡུལ་བབ་དང་བསྟུན་ཏེ་རང་སོའི་ཁྱད་ཆོས་ལྡན་ཞིང་ཁྱད་པར་ཅན་གྱི་སྲིད་ཇུས་ཁག་གཅིག་འཚོལ་ཞིབ་བྱས་ཏེ་བཏོན་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་བས་གནད་སྨིན་དང་དོན་འཁྱོལ་ལས་ཕྱོད་དེ་བས་ཆེ་བ་ཡོང་བ་བྱེད་དགོས། མཐའ་ཚད་བརྟན་པོར་སྲུང་དགོས་ཤིང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་ལ་བདེ་འཇགས་ངང་མཁོ་འདོན་བྱེད་པར་ཆུ་ཚད་མཐོ་པོས་འགན་ལེན་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་གནད་སྨིན་བྱེད་ཤུགས་ཆེ་རུ་བཏང་ནས། འབྲུ་རིགས་ཀྱི་བདེ་འཇགས་དང་གཞི་ཁྱོན་ཆེ་བའི་དབུལ་ལོག་དང་དབུལ་པོར་མི་འགྱུར་བའི་མཐའ་ཚད་བརྟན་པོར་སྲུང་དགོས།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་ནི“ཞིང་གསུམ”ལས་དོན་གྱི་ཐོག་མཐའ་བར་གསུམ་གྱི་ལྟེ་བའི་ལས་འགན་ཞིག་ཡིན་པས། ཚུགས་གནས་མཐོ་རུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་འབོར་མང་དུ་གཏོང་བ་དང་གྲུབ་ཆ་ལེགས་སུ་གཏོང་བར་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཞིང་འབྲོག་པའི་འབབ་འཕར་ལ་དེ་བས་འགན་ལེན་ཡོད་པ་དང་དེ་བས་རྒྱུན་མཐུད་དངོས་སུ་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།