དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་གསུང་བཤད།

    (2026ལོའི་ཟླ་3ཚེས་28ཉིན) རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཀརྨ་ཚེ་བརྟན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-28

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

    ཚང་མ་སྐུ་ཁམས་བཟང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ། དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་འབད་འབུངས་མདུན་སྐྱོད་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་སྐབས་འདིར། ང་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་18པ་བསུས་ཡོད།

    ལོ་ངོ་67གྱི་གོང་དུ། མུན་ནག་དང་། གདུག་རྩུབ། ཀླ་ཀློ། རྗེས་ལུས་བཅས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་གཏོར་གཏོང་བའི་རླབས་ཆེན་གྱི་དམངས་གཙོའི་བཅོས་སྒྱུར་དེ་ཉིད་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་བོད་ཀྱི་ས་གཞི་ཆེ་མོར་བྱེད་འགོ་ཚུགས། དུས་དེ་ནས་བཟུང་གངས་ལྗོངས་ས་མཐོར་མི་ཡུལ་གསར་རྐྱང་ཞིག་བརྗེས་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་གི་རྩེ་མོར་འགྱིང་ངེར་གནས། ལོ་ངོ་67གྱི་སྤྱིར་བཏང་མིན་པའི་ལོ་ཟླས་ཞིང་བྲན་ཁྲི་ཚོ་བརྒྱར་མི་ལུས་གསར་པ་ཐོབ་པ་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་དང་འཕེལ་རྒྱས་ལ་དཔང་པོ་བྱས་ཡོད། བོད་རྙིང་པ་བརྒྱུད་མྱོང་བའི་མི་རྣམས་ཀྱིས་མི་ཡུལ་གྱི་དམྱལ་བ་ལྟ་བུའི་སྡུག་བསྔལ་སེམས་ལ་གསལ་པོར་ངེས་ནས་ཡོད། ལྕེ་འབྲེག་པ་དང་། སྣ་འབྲེག་པ། རྐང་ལག་གཅོད་པ། མིག་རིལ་འདོན་པ། རྟིང་རྩ་གཅོད་པ། པགས་པ་བཤུ་བ། ཆུ་ལ་བསྐྱུར་བ་མ་ཟད། ཐ་ན་སྡིག་ཚང་ནང་བཅུག་པ་སོགས་གདུག་རྩུབ་ཆེ་བའི་ཁྲིམས་གཅོད་སྣ་ཁ་བཅུ་གྲངས་རང་དགར་སྤྱད་དེ་ཞིང་བྲན་ཚོར་མནར་གཅོད་ཚད་མེད་གཏོང་གི་ཡོད། བོད་གསར་པར་འཚོ་བ་སྐྱེལ་མཁན་མི་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཁག་ཕྱོགས་ཡོངས་དང་། ཆ་ཚང་བ། དངོས་དངོས་རྗེན་རྗེན། ནུས་ལྡན་བཅས་ལོངས་སུ་སྤྱོད་པ་དང་གདེང་ཚོད་ཀྱིས་ཁེངས་བཞིན་བྱ་གཞག་སྒྲུབ་པ་དང་དགའ་སྤྲོའི་ངང་འཚོ་བ་སྐྱེལ་བཞིན་ཡོད་པ་དེ་དག་བོད་རྙིང་པའི་ཞིང་བྲན་རྣམས་ཞེད་སྣང་དངངས་སྐྲག་དང་མགོ་བོ་སྒུར་ནས་འགྲོ་དགོས་པའི་གནས་སྟངས་དང་བསྡུར་བ་མངོན་གསལ་དོད་པོ་ཞིག་ཆགས་ཡོད། ལོ་ངོ་67རིང་གི་འབད་འབུངས་ཡར་བརྩོན་གྱིས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དཔལ་འབྱོར་དང་ཡར་ངོའི་ཟླ་ལྟར་འཕེལ་བའི་འཛུགས་སྐྲུན་ལ་དཔང་པོ་བྱས་ཡོད། བོད་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱིས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བདག་གིར་བཟུང་བ་དང་ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཞན་པ། མི་དམངས་ཀྱི་ངལ་རྩོལ་གྲུབ་འབྲས་ལ་བཤུ་གཞོག་ཚད་མེད་བཏང་ནས་འཆི་ལ་ཁད་ཀྱི་གནས་སུ་གྱར་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་འགོག་རྐྱེན་བཟོ་བའི་ལམ་ལུགས་ཀྱི་བཀག་རྒྱ་རྦད་དེ་མེད་པར་བཟོས་ནས་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་བརྗིད་ཆེའི་ལེའུ་བརྩམས་ཡོད། ལྷ་སའི་ཟམ་ཆེན་དང་པོ་དང་། ཕྱོགས་བསྡུས་སྨན་ཁང་དང་པོ། དེང་རབས་ཀྱི་བཟོ་གྲྭ་དང་པོ། མཐོ་རིམ་སློབ་གྲྭ་དང་པོ་སོགས་བཙུགས་པ་ནས་གངས་ལྗོངས་ས་མཐོར་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་གང་ས་ནས་རྣམ་པ་གསར་པ་མངོན་པའི་བར། བོད་ཀྱིས་མདུན་སྐྱོད་ཀྱི་གོམ་སྟབས་བརྟན་པོ་མཚམས་འཇོག་བྱེད་མྱོང་མེད། 《གྲོང་གསར་སྐོར་བ》ཞེས་པའི་གླུ་གཞས་ཀྱིས་ཡར་ལངས་ཞིང་བྲན་གྱི་སེམས་གཏིང་གི་འབོད་སྒྲ་སྙན་མོ་སྤྲོ་སྣང་ཆེན་པོས་མཚོན་པར་བྱས་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་དར་ཁྱབ་ཆེ་བའི《སླར་ཡང་གྲོང་གསར་སྐོར་བ》ཞེས་པའི་གླུ་གཞས་ཀྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་རྐྱང་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། ལོ་67གྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོའི་དཔང་པོ་བྱས་ཡོད། བོད་རྙིང་པར་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ཡིན་པ་དང་། ཞིང་བྲན་10ཡི་ནང་ནས་མི་4བྱིས་དུས་གྲོངས་ཀྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་ལ་རྒྱ་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་དང་། ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་བྱུང་ནས་དགའ་སྤྲོའི་ངང་སློབ་གྲྭ་འགྲིམ་པ། གཞོན་ནུ་ཚོས་ཕུགས་འདུན་དོན་དུ་གཉེར་ཏེ་ཕ་ཡུལ་འཛུགས་སྐྲུན་ལ་གཞོལ་བ། རྒན་རྒོན་ཚོ་བདེ་སྐྱིད་ལྡན་པའི་ཚེ་མཇུག་ལ་རོལ་ཐུབ་པ་བཅས་བྱུང་ཡོད། ད་ཆ་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.5ཟིན་པ་དང་། དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཐད“ལོ་དེར་གནོད་འཚེ་ཕོག་པ་དང་ལོ་དེ་རང་ལ་སྡོད་ཁང་གསར་པར་སྤོ་ཐུབ་པ”དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་མངོན་ཡོད། ལོ་ངོ་67གྱི་ཕྱར་བ་གྲུ་འདེགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཉམ་དུ་འབྱུང་འགྱུར་གཏོད་པའི་དཔང་པོ་བྱས་ཡོད། བོད་རྙིང་པར་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་དང་ངན་པ་ལག་འབྲེལ་བྱས་ཏེ་རྐང་བཙུགས་ནས་མི་རིགས་ཀྱི་འབྲེལ་བར་དཀྲུག་ཤིང་རྒྱག་པ་དང་ཁ་ཕྲལ་ཟིང་སློང་གི་ངན་སྐུལ་བྱས་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་སྟེ་མི་སེམས་ལ་གཏིང་ཟབ་ཟུག་པ་དང་། མི་རིགས་ཁག་ཕན་ཚུན་ལྟ་སྐྱོང་དང་སྤུན་ཉེ་འཆམ་མཐུན་བྱུང་བ། མི་རིགས་ས་ཁོངས་རང་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཡོངས་མི་རིཌ་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོའི་ལོ་རྒྱུས་ཀྱི་ལེའུ་བརྩམས་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། བོད་ལྗོངས་གསར་པ་དང་བོད་ཀྱི་དར་རྒྱས་གོང་འཕེལ་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་ཡོང་མི་སྲིད་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་གང་ལེགས་བྱུང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་སྒྱུར་ཕྱོགས་སྟོན་དང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཐེངས་གཉིས་ཕེབས་པས་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི“ཐེངས་དང་པོ་གཉིས”བཏོད་པ་མ་ཟད། ད་དུང་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་པ་དང་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་རུ་ཁག་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་སོགས་ཀྱི་ཐོག་ནས་བོད་ཀྱི་ལས་དོན་ལ་དམིགས་བསལ་ཐུགས་ཁུར་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་བརྩེ་བ་ཟབ་མོ་བཅངས་གནང་བ་གང་ལེཌ་མཚོན་ཡོད། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གི་སྐས་རིམ་ལས་བསྟུད་མར་ཐེངས་གཉིས་བརྒལ་བ་དང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་ཚད་རྒྱུན་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་བློ་སེམས་གཅིག་སྒྲིལ་དང་འབད་འབུངས་ལས་སྒྲུབ་ཀྱི་རྣམ་པ་ཟབ་མོ་མངོན་ཡོད། འདི་ནི་དྲིན་ཚོར་འབད་འབུངས་དང་གོ་སྐབས་ཉིས་བརྩེགས་ཀྱི་དུས་རབས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་སྟངས་འཛིན་དང་འཐབ་འགོད་ཇུས་འདོན་གནང་བ་དེ་ནི་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡོང་བའི་འགན་ལེན་ཆེ་ཤོས་དེ་རེད། རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་རྣམ་གྲངས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་དེ་རེད། འདི་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཀ་ལེགས་པའི་འཚོ་བའི་དུས་རབས་ཤིག་རེད། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བཏོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བ། སློབ་གསོ་སྨན་བཅོས་སོཌ་ཀྱི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ། སྐྱེ་ཁམས་དང་མཐའ་མཚམས་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་ཕྱིན་པ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལས་བཀྲག་མདངས་མངོན་པ་བཅས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་ཡོད། འདི་ནི་སྒོ་དབྱེ་མཉམ་སྤྱོད་དང་ནུས་ཆེ་སྟབས་བདེའི་དུས་རབས་ཤིག་རེད། རྒྱལ་ནང་དང་རྒྱལ་སྤྱིའི་མཁའ་ལམ་200ལྷག་ཙམ་ཡོད་པ་དང་། ལྕགས་ལམ་སྤྱི་ལེ་1359ཟིན་པ། གཞུང་ལམ་སྤྱི་ལེ་ཁྲི་12.52ཟིན་པ་བཅས་ལས་མི་རྣམས་ཕྱིར་སྐྱོད་སྟབས་བདེ་དང་ཟོག་འགྲུལ་ཤར་གཏོང་ཐུབ་ཡོད། སྒོ་རྩ་ནས་རླངས་འཁོར་ལ་སྡོད་ཐུབ་པ་དང་། གྲོང་ཚོ་ནས་མྱུར་སྐྱེལ་བསྐུར་མ་ལེན་ཐུབ་པ། ཕུགས་བསམ་མངོན་འགྱུར་བྱུང་བ། ཞོགས་པ་ལྷ་སར་ཇ་བསྲུབས་མ་འཐུང་བཞིན་ཡོད་ནའང་མཚན་མོར་ཧར་པིན་དུ་འབྱོར་ནས་འཁྱགས་བརྐོས་ལ་ལྟ་བར་འགྲོ་ཐུབ་ཀྱི་ཡོད། འདི་ནི་མཉམ་འདྲེས་གཏིང་ཟབ་དང་སེམས་མཐུན་གྱིས་ཕུགས་འདུན་འགྲུབ་པའི་དུས་རབས་ཤིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་གཏིང་ཟབ་ཟུག་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་བྱུང་བ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་བརྟན་དུ་ཕྱིན་པ། མི་རིགས་ཁག་གི་མི་དམངས་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་བཞིན་ཡོད།

    བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་གཏིང་ཟབ་ཀྱིས་བསམ་བློ་གཅིག་ཏུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་སེམས་མཐུན་སྟོབས་སྒྲིལ་གྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ང་ཚོས་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་ཐོན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པ་བཅས་བྱས་ཏེ་མི་སེར་གྱི་སེམས་སུ་སྲིད་དོན་ལས་རྗེས་དངོས་འབྲེལ་ཐོན་ཐུབ་པ་བྱེད་དགོས། ང་ཚོས་དམིགས་ཚད་གཏན་འཁེལ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པ་དང་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། ང་ཚོས་སེམས་ནུས་གཅིག་སྒྲིལ་གྱིས་ལེའུ་གསར་པ་བརྩམས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་ནུས་ལྡན་བྱེད་པ་དང་། དྲང་ནུས་ཆེ་ཤོས་གཅིག་ཏུ་སྒྲིལ་བ། མཐུན་ཆ་ཆེ་ཤོས་འཚོལ་་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་འཛུགས་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས།

    བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ། བརྩོན་འགྲུས་སྐྱ་བར་བརྟེན། འབད་པའི་ལམ་ལ་གཞོལ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྟ་ཕོ་ལྕག་གིས་སྐུལ་བ་དང་དངོས་སྒྲུབ་དོན་འཁྱོལ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་ལམ་གསར་པར་འགན་འཁྲི་གསར་པ་མངོན་པ་དང་ལས་རྗེས་གསར་པ་འཇོག་དགོས།

    རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།

    བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།