ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས།
ཟླ་3ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ཡིད་ཆེས་བརྟན་གཏོང་དང་། ངེས་ཤུགས་རྒྱུན་འཁྱོངས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་2025ལོའི་ལས་དོན་ཕྱོགས་སྡོམ་དང་2026ལོའི་ལས་དོན་གྱི་གཙོ་གནད་སྙན་སེང་གསན་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། 2025ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མིག་སྔ་དང་ཕུགས་ལ་སྤྱི་འདོམས་དང་། རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་ལ་དམིགས་པ། སྒྱུར་བཅོས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པར་བརྟེན་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་མ་ཟད། སྒྱུར་བཅོས་ཀྱི་ལས་འགན་སྔར་བས་ཁ་གསལ་བྱུང་བ་དང་། སྒྱུར་བཅོས་ཀྱི་བྱ་ཐབས་ལ་སྔར་བས་དམིགས་སའི་རང་བཞིན་ལྡན་པ། སྒྱུར་བཅོས་ཀྱི་ཕན་འབྲས་སྔར་བས་ལེགས་པ། སྒྱུར་བཅོས་ཀྱི་སྤྱི་ཚོགས་རྣམ་པ་སྔར་བས་ཟབ་པ་བཅས་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཐད་སྤྱི་ཡོངས་ལ་སྐུལ་འདེད་དང་གཙོ་གནད་ཚད་བརྒལ་གྱི་རྣམ་པ་བཟང་པོ་མངོན་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ཀྱི་ལོ་ཡིན་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ནན་ཏན་བླངས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་ལས་ཀར་སྐུལ་འདེད་གཏོང་དགོས། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དང་གཙོ་གནད་སྒྱུར་བཅོས་ཀྱི་ལས་འགན་ཁག་དང་ཟུང་འབྲེལ་བྱས་ནས་མ་ལག་འདུས་གྲུབ་དང་མཐུན་སྦྱོར་ཕན་ཆེར་ཤུགས་སྣོན་རྒྱག་པ་དང་གནད་དོན་ལ་གཏུགས་ཕོད་པ་བྱས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ལ་གཞི་ཚུགས་པ་དང་གཙོ་གནད་འབུར་ཐོན་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། བརྟན་ལྷིང་དང་སྒྱུར་བཅོས་ཟབ་གཏོང་ལ་དམིགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་གི་རྒྱུན་རྣམ་ཅན་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། “གསུམ་བྱས་པ་གསུམ”གྱི་ལས་ཀའི་ལམ་སྲོལ་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་དུས་བབ་བརྟན་དུ་གཏོང་བར་ཤུགས་སྣོན་རྒྱག་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྱུར་བཅོས་ཟབ་གཏོང་ལ་དམིགས་ནས“ཕན་འདོགས་པ་གཅིག་དང་ཚང་དགོས་པ་གསུམ”གྱི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོ་དང་མཉམ་འདྲེས་ཧུར་ཐག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་དང་། ནོར་སྲིད་དངུལ་རྩ། གྲོང་ཁྱེར་བཅོས་སྐྱོང་། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཐད་མིག་སྔར་གསོན་ཤུགས་རྒྱས་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པར་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྒྱུར་བཅོས་ཟབ་གཏོང་ལ་དམིགས་ནས“རི་གཉིས”ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལམ་སྲོལ་དང་སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས། མཐའ་སྟོབས་ཀྱི་སྒྱུར་བཅོས་ཟབ་གཏོང་ལ་དམིགས་ནས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་མཐར་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ་དང་། མཐའ་མཚམས་འཛུགས་སྐྲུན་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྱད་པར་ཅན་གྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་ཧུར་ཐག་སྐྲུན་དགོས། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། ཞིང་ལས་དང་གྲོང་གསེབ་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་བཅོལ་སོགས་ཁྱབ་ཁོངས་སུ་དམངས་འཚོའི་འཕྲལ་མཁོ་དང་དམངས་སེམས་ཕྱོགས་སའི་སྒྱུར་བཅོས་བྱ་ཐབས་ཁག་གཅིག་བཏོན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩའི་གནད་དོན་ལ་དམིགས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ཀྱི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་པ། ལས་ཀའི་བྱེད་ཐབས་ལེགས་སུ་གཏོང་བ་དང་ལས་ཀའི་ཞན་ཆ་སེལ་བ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི“འགག་སྒྲོལ་གྱི་བྱ་སྤྱོད་ཆེན་པོ་དྲུག”རྒྱུན་མཐུད་ངང་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བར་དམིགས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་དང་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། སྒྱུར་བཅོས་ཀྱི་ལས་དོན་ཀྲུང་དབྱང་གི་སྐོར་ཞིབ་དག་ཐེར་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱ་རྒྱུར་གཙིགས་ཆེན་བྱེད་པ། སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་སྔོན་འགོག་དང་ཡོ་བཅོས་ནུས་ལྡན་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྒྱུར་བཅོས་ལ་ཕན་འབྲས་ཏན་ཏིག་ཐོན་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།