དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-24

    ཚེས་16ནས་ཚེས་20ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རུ་སྣེ་ཁྲིད་དེ་པེ་ཅིང་དུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ། ཚོང་དོན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། འགག་སྒོ་སྤྱི་ཁྱབ་ཧྲུའུ། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི་སོགས་ཀྱི་འགོ་ཁྲིད་དང་མཇལ་འཛོམས་གནང་སྟེ་འབྲེལ་མཐུད་ལས་དོན་སྙན་སེང་ཞུས་ནས་པུའུ་ཨུད་དང་རང་སྐྱོང་ལྗོངས་དབར་གྱི་མཉམ་ལས་དང་ཀྲུང་དབྱང་དང་ས་གནས་དབར་གྱི་རོགས་ལས་གཏིང་ཟབ་ཏུ་བཏང་བ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་དང་། སྐྱེ་ཁམས་ཁོར་ཡུག་པུའི་པུའུ་ཀྲང་ཧོང་རུན་ཆིའུ། ཆུ་བེད་པུའི་པུའུ་ཀྲང་ལི་གོ་དབྱིང་། ཚོང་དོན་པུའི་པུའུ་ཀྲང་ཝང་ཝུན་ཐའོ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ལེ་ཧའེ་ཁྲའོ། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་སུན་མེ་ཅུན། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་སུང་ཀྲི་ཡུང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀུའོ་ཀྲུའུ་ཞུའེ་དང་སྤྱི་ཁྱབ་ཅིང་ལི་ཞུས་ཅན་ཅུན། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཏའེ་ཧོའུ་ལེང་། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཀྲི་ཀང་སོགས་བཞུགས་མོལ་ལ་ཁག་སོ་སོར་ཞུགས་པ་རེད།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱིས་དུས་ཡུན་རིང་པོར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་དང་། མ་དངུལ། རྣམ་གྲངས། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སོགས་ཐད་རྒྱབ་སྐྱོར་དེ་བས་ཆེ་བ་བྱས་ནས་དཀའ་གནད་སེལ་བ་དང་། ཆད་སྐྱོན་གསབ་པ། ནུས་རིམ་ཆེར་གཏོང་བཅས་ལ་རམ་འདེགས་བྱེད་པ་དང་། བོད་ཀྱི་ཐོན་ཁུངས་དང་ནུས་རྒྱུའི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་རྣམ་གནོན་རང་བཞིན་ལ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་གསོན་ཤུགས་གསར་པ་དང་སྒུལ་ནུས་གསར་པ་རྒྱུན་མཐུད་བསྣན་རྒྱུའི་རེ་བ་སྙིང་དབུས་ནས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱིས་བཏོན་པའི་རྒྱབ་སྐྱོར་དོན་ཚན་ལ་བརྡ་ལན་ཧུར་ཐག་སྤྲད་པ་མ་ཟད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་གཞིར་བཟུང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་པ། འབྲེལ་གཏུག་ལ་ཤུགས་སྣོན་དང་འབྲེལ་མཐུད་དམ་ཟབ་རྒྱུན་མཐུད་བྱེད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་རམ་འདེགས་བྱེད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་གྱི་ཡིན་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།