བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།
—— 2026ལོའི་ཟླ་དང་པོའི་ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག
རང་སྐྱོང་ལྗོངས་ནོར་སྲིད་ཐིང་།
འཐུས་མི་རྣམ་པ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་སྔོན་རྩིས་འཆར་ཟིན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཕུལ་ནས་ཞིབ་བཤེར་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་བློ་མཐུན་རྣམ་པས་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།
གཅིག 2025ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ།
2025ལོ་ནི་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་མཛུབ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཤིང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་བཀོད་སྒྲིག་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཞིབ་བཤེར་ཆོག་མཆན་ཐོབ་པའི་སྔོན་རྩིས་ལག་བསྟར་ནན་པོ་བྱས་སྟབས། ལྗོངས་ཡོངས་དང་རང་སྐྱོང་ལྗོངས་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་བྱས་ཚུལ་ཡག་པོ་བྱུང་ཡོད།
ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ནོར་སྲིད་ལས་དོན་ཐད་དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི“རྒྱུན་མཐུད་ཤུགས་ཆེར་གཏོང་བ་དང་ཕན་སྐྱེད་ཆེ་རུ་གཏོང་བའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་ཡོངས་ཀྱི་ལག་བསྟར་བྱས་ཚུལ་འདི་ལྟ་སྟེ། གཅིག་ནི་རྒྱུན་མཐུད་ཤུགས་ཆེར་གཏོང་རྒྱུར་དམིགས་ནས་ནོར་སྲིད་ཀྱི་ཐོན་ཁུངས་དང་སྔོན་རྩིས་གཅིག་གྱུར་འཆར་འགོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ནོར་སྲིད་ཀྱི་གཏོང་ཡོང་འཕར་ཚད་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ལྗོངས་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ལོ་གསུམ་བསྟུད་མར་གཞི་ཁྱོན་ཆེ་ཤོས་བཏོད་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། ལོ་གསུམ་བསྟུད་མར་འཕྲོས་སྒྱུར་གསར་སྣོན་བྱུང་མེད་པ། ནོར་སྲིད་ཀྱི་གཞི་རྩའི་འཆར་གཞི་རྒྱུན་མཐུད་སྲ་བརྟན་ཐོག་སྟོབས་ཆེར་ཕྱིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་སྲུང་བྱེད་པའི་ནུས་ལྡན་རང་བཞིན་06དང་གནད་སྨིན་རང་བཞིན་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། གཉིས་ནི་ཕན་སྐྱེད་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ནོར་སྲིད་ཀྱི་གཙོ་རྒྱུའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་ཀྱི་སྲིད་ཇུས་དང་མ་དངུལ་གྱི་ཕན་ནུས་འདོན་སྤེལ་དེ་བས་གང་ལེགས་བྱས་ཡོད། ལྗོངས་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་ཁག་སོ་སོར་སྒོར་དུང་ཕྱུར་300དང་སྒོར་དུང་ཕྱུར་3000ལས་ཐོག་མར་བརྒལ་ཞིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་འཐབ་ཇུས་ལས་འགན་དང་གཞི་རྩའི་དམངས་འཚོའི་ནོར་ཤུགས་འགན་སྲུང་ཡག་པོ་བྱ་རྒྱུར་ཤུགས་གང་ལེགས་བརྒྱབ་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཇུག་གང་ལེགས་བསྡུ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
(གཅིག) སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།
ནོར་སྲིད་ཀྱི་ཡོང་འབབ་རྒྱུན་མཐུད་ནས་འཕར་མགྱོགས་ཙམ་བྱུང་བ། ལྗོངས་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་317.8ཟིན་ནས་14.7%འཕར་བ་དང་། དེའི་ནང་རང་སྐྱོང་ལྗོངས་རིམ་པ་འདི་གའི་ཡོང་འབབ་སྒོར་དུང་ཕྱུར་50.5ཟིན་ནས་31.7%འཕར་ཡོད། ནོར་སྲིད་ཡོང་འབབ་འཕར་མགྱོགས་ཙམ་བྱུང་དོན་ནི། གཅིག་ནས་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་གནང་བ་དང་། རང་སྐྱོང་ལྗོངས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྲིད་ཇུས་ཀྱི་ཕན་ནུས་རྒྱུན་མཐུད་ངང་འདོན་སྤེལ་ཐུབ་པའི་ཐོག ཁྲལ་བསྡུའི་ཡོང་འབབ་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། གཉིས་ནས་རིགས་ཁག་གི་རྒྱུ་ནོར་དང་མ་དངུལ་ཕན་སྒྱུར་བྱས་ནས་དེ་མཚུངས་ཀྱི་ཁྲལ་མིན་ཡོང་འབབ་མང་དུ་སོང་བས་ཡིན།
ནོར་སྲིད་ཀྱི་གཏོང་སྒོ་ཤུགས་ཚད་ཆེ་ཙམ་རྒྱུན་འཁྱོངས་ཐུབ་པ། ཀྲུང་དབྱང་ནོར་སྲིད་ཀྱི་སྤོ་སྒྱུར་གཏོང་སྤྲོད་ནས་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱས་ཤིང་། ལོ་ཧྲིལ་པོར་དངུལ་འབོར་སྒོར་དུང་ཕྱུར་2538.8 ཟིན་ཡོད། ནོར་སྲིད་ཐོན་ཁུངས་དང་སྔོན་རྩིས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་པ་དང་། འཚོ་བ་སྐྱེལ་མཁས་པོ་བྱ་རྒྱུའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གཏོང་སྒོའི་དགོས་མཁོ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་3102.2ཟིན་ནས་6.3%འཕར་ཡོད། དེའི་ནང་རང་སྐྱོང་ལྗོངས་རིམ་པ་འདི་གའི་གཏོང་སྒོ་སྒོར་དུང་ཕྱུར་706.7ཟིན་ནས་11.4% འཕར་ཡོད། ལྗོངས་ཡོངས་ཀྱི་གཏོང་སྒོའི་གྲུབ་ཚུལ་ཐད“གཙོ་གནད་གཉིས་རྒྱུན་འཁྱོངས་དང་གཙོ་གནད་གཅིག་འཕྲི་གཅོག”བྱས་ཤིང་། དམངས་འཚོའི་གཏོང་སྒོ་དང་། གྲོང་ཁྱེར་དང་རྫོང་གི་གཏོང་སྒོ་ཟིན་ཚད་80%ཡས་མས་སུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། འཚོ་བ་སྐྱེལ་མཁས་པོ་བྱས་པས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་5%འཕྲི་གཅོག་ཐུབ་ཡོད།
ནོར་སྲིད་ཀྱི་གཏོང་ཡོང་སྤྱི་ཡོངས་ནས་དོ་སྙོམས་བྱུང་བ། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་3974.4ཟིན་ཞིང་། དེའི་ནང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་317.8དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2538.8 སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་91.7 སྔོན་རྩིས་བརྟན་སྙོམས་ཐེབས་རྩར་སྒོར་དུང་ཕྱུར་731.4སྤྱད་པ། ལོ་རིམ་བྱུང་གི་འཕྲོས་སྒྱུར་མ་དངུལ་སྒོར་དུང་ཕྱུར་250.3 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་43.6 ས་ཁོངས་རང་བཞིན་གྱི་སྒྱུར་སྤྲོད་ཡོང་འབབ་སྒོར་དུང་ཕྱུར་0.8བཅས་ཚུད་ཡོད། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་3974.4ཡིན་ཞིང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་3102.2དང་། ཀྲུང་དབྱང་ལ་གོང་འཇལ་ཞུས་པ་སྒོར་དུང་ཕྱུར་6.7 སྤྱིར་བཏང་གི་བུ་ལོན་འཇལ་སྤྲོད་སྒོར་དུང་ཕྱུར་8.6 སྒྱུར་འདོན་མ་དངུལ་སྒོར་དུང་ཕྱུར་20 སྔོན་རྩིས་བརྟན་སྙོམས་ཐེབས་རྩར་ཁ་གསབ་བྱས་པ་སྒོར་དུང་ཕྱུར་592 ལོ་རྗེས་མར་མུ་མཐུད་སྤྱོད་རྒྱུར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་244.9(མ་དངུལ་འཕྲོས་སྒྱུར་བྱས་པ་ཚང་མ་སྔོན་རྩིས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ལག་བསྟར་ནན་པོ་བྱས་ཏེ། འཕྲོས་སྒྱུར་བྱེད་འབོར་ལོ་གོང་མ་དང་བསྡུར་ན་སྒོར་དུང་ཕྱུར་5.3ཆག་ཡོད)བཅས་ཚུད་ཡོད།
རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་3211.3ཟིན་ཞིང་། དེའི་ནང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་50.5དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2538.8 སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་91.7 ས་གནས(གྲོང་ཁྱེར)ཀྱི་གོང་འབུལ་ཡོང་འབབ་སྒོར་དུང་ཕྱུར་23.6 སྔོན་རྩིས་ཀྱི་བརྟན་སྙོམས་ཐེབས་རྩ་དང་ལོ་རིམ་བྱུང་གི་འཕྲོས་སྒྱུར་བེད་སྤྱོད་བྱས་པ་སོགས་སྒོར་དུང་ཕྱུར་506.7བཅས་ཚུད་ཡོད། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་3211.3ཡིན་ཞིང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་706.7དང་། གོང་འབུལ་གཏོང་སྒོ་སྒོར་དུང་ཕྱུར་6.7དང་། སྤྱིར་བཏང་གི་བུ་ལོན་འཇལ་སྤྲོད་སྒོར་དུང་ཕྱུར་3གྲོང་ཁྱེར་དང་རྫོང་ལ་ཁ་གསབ་རོགས་དངུལ་སྤྲད་པ་སྒོར་དུང་ཕྱུར་1978.4 གྲོང་ཁྱེར་དང་རྫོང་ལ་སྤྱིར་བཏང་གི་བུ་ལོན་སྒྱུར་གཏོང་བྱས་པ་སྒོར་དུང་ཕྱུར་83 སྒྱུར་འདོན་མ་དངུལ་སྒོར་དུང་ཕྱུར་12.7 སྔོན་རྩིས་བརྟན་སྙོམས་ཐེབས་རྩར་ཁ་གསབ་བྱས་པ་སྒོར་དུང་ཕྱུར་370.7 ལོ་རྗེས་མར་མུ་མཐུད་སྤྱོད་རྒྱུར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་50.1(འཕྲོས་སྒྱུར་བྱས་འབོར་ལོ་གོང་མ་དང་བསྡུར་ན་སྒོར་དུང་ཕྱུར་4.6ཆག་ཡོད)བཅས་ཚུད་ཡོད།
(གཉིས) སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་ས་གནས་ཀྱི་སྲིད་གཞུང་རང་བཞིན་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་41.1ཟིན་ནས་1.6%འཕར་བ་དང་། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སོགས་བསྣན་རྗེས། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་350.8ཟིན་ཡོད། གཏོང་སྒོ་སྒོར་དུང་ཕྱུར་271.2ཟིན་ནས་51.6%ཆག་པ་དང་། དེའི་ཐོག་ཆེད་དམིགས་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སོགས་བསྣན་རྗེས། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་350.8ཟིན་ཡོད།
རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་5ཟིན་ནས་12.5%འཕར་བ་དང་། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སོགས་བསྣན་རྗེས། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་265ཟིན་ཡོད། གཏོང་སྒོ་སྒོར་དུང་ཕྱུར་174.6ཟིན་ནས་58.1%ཆག་ཡོད། གཙོ་བོ་ཆེད་དོན་བུ་ལོན་གྱི་ཡོང་སྒོ་སྒོར་དུང་ཕྱུར་308.9ཉུང་དུ་ཕྱིན་ཡོད། དེའི་ཐོག་ཆེད་དོན་བུ་ལོན་གྱི་དངུལ་བུན་སྒྱུར་གཏོང་གི་གཏོང་སྒོ་སོགས་བསྣན་ན་གཏོང་སྒོ་བསྡོམས་འབོར་སྒོར་དུང་ཕྱུར་265ཟིན་ཡོད།
(གསུམ) གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས།
ལྗོངས་ཡོངས་ཀྱི་ས་གནས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་5.4ཟིན་ནས་35.6%ཆག་པ་དང་། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སོགས་བསྣན་རྗེས། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་10ཟིན་ཡོད། གཏོང་སྒོ་སྒོར་དུང་ཕྱུར་4.6ཟིན་པ་དང་། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པ་སོགས་བསྣན་རྗེས། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་10ཟིན་ཡོད།
རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ས་གནས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་3ཟིན་ནས་1.4%འཕར་བ་དང་། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སོགས་བསྣན་རྗེས། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་4.4ཟིན་ཡོད། གཏོང་སྒོ་སྒོར་དུང་ཕྱུར་2.1ཟིན་ཞིང་། ལོ་རྗེས་མར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་1.4དང་། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་0.9སོགས་བསྣན་རྗེས། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་4.4ཟིན་ཡོད།
(བཞི) སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་390.2ཟིན་ནས་4.6%འཕར་བ་དང་གཏོང་སྒོ་སྒོར་དུང་ཕྱུར་286.5ཟིན་ནས་10.7%འཕར་ཡོད། དོན་འཁྱོལ་བྱས་ཟིན་རྗེས་ལོ་རེ་བཞིན་རིམ་རྩིས་བྱས་ན་འཕྲོས་ལྷག་སྒོར་དུང་874.4ཟིན་ཡོད།
(ལྔ) ས་གནས་སྲིད་གཞུང་གི་བུ་ལོན།
2024ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་སྲིད་གཞུང་གི་བུ་ལོན་ལྷག་གྲངས་སྒོར་དུང་ཕྱུར་1226.12ཟིན་ཡོད། 2025ལོར་བུན་ལོར་སྒོར་དུང་ཕྱུར་282.84བཀྲམ་པ་དང་། དུས་བཀག་ཐིམ་པའི་སྲིད་གཞུང་གི་བུ་ལོན་ངོ་འཇལ་སྒོར་དུང་ཕྱུར་18.92བྱས་པས། 2025ལོའི་ལོ་མཇུག་གི་བུ་ལོན་ལྷག་གྲངས་སྒོར་དུང་ཕྱུར་1490.04ཟིན་ཞིང་། 2024ལོའི་ལོ་མཇུག་ལས་སྒོར་དུང་ཕྱུར་263.92ཀྱིས་མང་བ་ཡོད་མོད། དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་པའི་སྒོར་དུང་ཕྱུར་1653.6གི་བཅད་གྲངས་ནང་ཚོད་འཛིན་ཐུབ་ཡོད་པས་བུ་ལོན་གྱི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཀྱི་ཡོད།
གསལ་བཤད་ཞུ་དགོས་པ་ནི། ལོ་ཧྲིལ་པོར“སྔོན་རྩིས་ཁག་བཞི”ལག་བསྟར་བྱས་གྲངས་དང་ལོ་འགོའི་སྔོན་རྩིས་གྲངས་ཀྱི་བར་ཁྱད་ཆེ་ཙམ་ཤོར་དོན་གཙོ་བོ་ནི་ཀྲུང་དབྱང་ནས་སྒྱུར་སྤྲོད་བྱས་པ་འབོར་ཆེན་ཞིག་ལག་བསྟར་བྱེད་སྐབས་འཕར་གསབ་གཤམ་སྤྲོད་བྱས་པ་དང་། ལོ་འགོའི་སྔོན་རྩིས་བཟོ་བའི་ནང་གཏན་འབེབས་ལྟར་དོན་འཁྱོལ་བྱེད་སྐབས་ཀྱི་འཕར་གསབ་གཤམ་སྤྲོད་བྱས་པའི་ཆ་ཤས་དེ་དག་ཚུད་མེད་པའི་རྐྱེན་གྱིས་ཡིན་པས། འབྲེལ་ཡོད་གནས་ཚུལ་ཁྲིམས་ལྟར་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་ནང་གསལ་ཞུ་བྱས་ཡོད། གོང་གསལ་སྔོན་རྩིས་ལག་བསྟར་བྱས་པའི་གྲངས་གཞི་དེ་མྱུར་ཞུའི་བསྡོམས་རྩིས་གྲངས་འབོར་ཡིན་པས་ངེས་རྩིས་བཟོ་སྒྲིག་ཕྱོགས་བསྡུས་བྱས་རྗེས་ཁྲིམས་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཞིབ་བཤེར་ཆོག་མཆན་ཞུ་རྒྱུར་འབུལ་རྒྱུ་ཡིན།
གཉིས། 2025ལོའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་གཙོ་གནད་ནོར་སྲིད་ལས་ཀའི་གནས་ཚུལ།
2025ལོར་ནོར་སྲིད་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་ནན་ཏན་བྱས་པ་དང་། མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་གྲོས་ཆོད་དང་ཞིབ་བཤེར་བསམ་འཆར་གྱི་བླང་བྱ་དོན་འཁྱོལ་བྱས་ནས་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་པ་དང་། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་གཞི་རྩའི་དམངས་འཚོའི་ནོར་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཐོག ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་གཙོ་བོ་ལེགས་འགྲུབ་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
(གཅིག) བློ་བརྟན་འགྱུར་མེད་ཀྱིས་བརྟན་ལྷིང་འགན་སྲུང་དང་ཞི་མཐུན་ལ་སྐུལ་འདེད་བཏང་བ། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། “7+1”གི་བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་བྱེད་སྟངས་གཏིང་ཟབ་ཏུ་བཏང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བའི་ཆུ་ཚད་མཐོ་རུ་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱས་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ཞིང་། “ལས་གཞི་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལག་བསྟར་གཏིང་ཟབ་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་ཡོད། ཉེན་མེད་ཐོན་སྐྱེད་དང་། བཟའ་བཅའ་དང་སྨན་རྫས་ཉེན་མེད་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པར་རྒྱབ་སྐྱོར་བྱས་ཤིང་། རིགས་ཁག་གི་བདེ་འཇགས་ཐོན་སྐྱེད་ལས་འཛོལ་ཐོན་གྲངས་དང་མི་ཤི་གྲངས་གཉིས་ཀ་ཆག་ཡོད།
(གཉིས) ནུས་ཤུགས་ཡོད་རྒུས་ནང་མཁོ་རྒྱ་སྐྱེད་དང་འཕར་སྣོན་བརྟན་པོ་ཡོང་བར་བྱས་པ། ནུས་ལྡན་མ་འཇོག་རྒྱ་སྐྱེད་ཧུར་ཐག་བཏང་ཞིང་། ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ནང་གི་མ་འཇོག་དང་། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་གཙོ་གནད་དང་ཆེད་དམིགས་རྣམ་གྲངས་སོགས་ལ་མ་དངུལ་སྒོར་དུང་ཕྱུར་545དོན་འཁྱོལ་བྱས་ཏེ། བོད་སྐྱོད་གཞུང་ལམ་དང་མཐའ་མཚམས་ས་ཁུལ་གྱི་གྲོང་ཚོ་གསར་པའི་སྡོད་ཁང་འཛུགས་སྐྲུན་དང་། གྲོང་དོན་གཞུང་ལམ། སྤུས་ལེགས་ཕན་ཆེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ས་གནས་སྲིད་གཞུང་གི་བུན་ལོར་མ་དངུལ་སྒོར་དུང་ཕྱུར་109དོན་འཁྱོལ་བྱས་ཏེ། དིང་རིའི་ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་། གད་སྙིགས་དང་བཙོག་ཆུ་གཙང་གསིང་། དྲོད་འདོན་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་ཐབས་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་7.4དོན་འཁྱོལ་བྱས་ཏེ“གསར་གཉིས”ཀྱི་སྲིད་ཇུས་རྒྱ་སྐྱེད་ཤུགས་ཆེན་བཏང་བ་དང་། འཛད་སྤྱོད་སྐུལ་འདེགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས“བདེ་སྐྱིད་ལྡན་པའི་བོད་ལྗོངས། དགའ་སྐྱིད་ལྡན་པའི་འཚོ་བ”སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཞིང་འབྲོག་ཁུལ་གྱི་སྐྱེལ་གཏོང་ཟོག་འགྲུལ་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ལྷ་ས་འདི་ཉིད་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་རྒྱལ་ཡོངས་ཀྱི་འཛད་སྤྱོད་ལས་རྣམ་གསར་པ་དང་། བྱེད་སྟངས་གསར་པ། གནས་ཡུལ་གསར་པ་བཅས་ཀྱི་ཚོད་ལྟའི་གྲོང་ཁྱེར་དུ་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཡོད།
(གསུམ) སྤུས་འབྲས་ལེགས་གཉེར་གྱི་ཐོན་ལས་ལེགས་སྐྱོང་དང་བཟང་ཆ་འདོན་སྤེལ་བྱས་པ། ཞིང་འབྲོག་ལས་ཀྱི་སྤུས་འབྲས་ལེགས་གཉེར་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་11.6དོན་འཁྱོལ་བྱས་ཏེ། འབྲུ་རིགས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་བྱ་དགའི་ཁ་གསབ་དང་། ཕག་གསོའི་ཐོན་ལས་འཕེལ་རྒྱས། ནོར་ལུག་གི་སྐྱེ་འཕེལ་ཐུབ་པའི་མོ་ཕྱུགས་ཀྱི་ཁ་གསབ། གཟན་རྩྭ་འདེབས་འཛུགས་བྱེད་པོའི་ཁ་གསབ། “འབྲུ་རིགས་ལོ་ཏོག་ཆེ་གྲས་བཞིའི”མ་གནས་ཆ་ཚང་འགན་བཅོལ་སོགས་ཀྱི་སྲིད་ཇུས་དངོས་སུ་བཏོན་ནས། འདེབས་འཛུགས་ལས་རིགས་དང་ཕྱུགས་ལས་སོགས་ཀྱི་ཐོན་འབབ་བརྟན་པོ་དང་ཕན་འབྲས་ཆེ་རུ་འགྲོ་བར་རྒྱབ་སྐྱོར་བྱས་པ་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སྤུས་འབྲས་ལེགས་གཉེར་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཡོད། གསར་དར་ཐོན་ལས་སྐྱོང་སྤེལ་བྱེད་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། ཁེ་ལས་འབྲིང་ཆུང་དང་། དམའ་དབྱིངས་དཔལ་འབྱོར། གློག་སྤྱོད་མ་གནས་དམའ་རུ་གཏོང་བ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཏོན་ཡོད། ཞབས་ཞུའི་ལས་རིགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། 《ནོར་སྲིད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ཁག་བཅུ་གཉིས》བཏོན་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། མཐའ་མཚམས་ཚོང་དོན་ཟོག་འགྲུལ་དང་བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་8དོན་འཁྱོལ་བྱས་ནས་ཐོན་ལས་གྲུབ་ཆ་བཟང་སྒྲིག་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་བ་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་གཏོད་ཐུབ་པ་བྱས་ཡོད། ས་མཐོའི་ཡང་བའི་བཟོ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་0.5དོན་འཁྱོལ་བྱས་ནས་ས་མཐོའི་ཁུལ་གྱི་ནུས་མང་རིགས་འབྲེལ་གཡོས་སྦྱོར་ཡོ་བྱད་ཁྱབ་གདལ་བཏང་ཡོད།
(བཞི) མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཐོག་ནས་གྲོང་ཁྱེར་གྲོང་རྡལ་དར་རྒྱས་གཏོང་བ་དང་གྲོང་གསེབ་ལ་སྐུལ་ཁྲིད་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དང་སྡོད་ཁང་འགན་སྲུང་ཐད་གཏོང་སྒོ་སྒོར་དུང་ཕྱུར་283.7དོན་འཁྱོལ་བྱས་ཏེ། སྟེང་འོག་ཆུ་འགྲོ་དང་། མདོང་ལམ་དྲ་རྒྱ་སྒྱུར་བཀོད། གྲོང་དོན་གཞུང་ལམ་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས་ལྗོངས་ཡོངས་ཀྱི་ས་བབ་མཐོ་ཚད་སྨི་5000ཡན་གྱི་ཤང་གྲོང་དང་ཞིང་འབྲོག་ཁུལ་དུ་དྲོད་རླངས་ཡོངས་སུ་མཁོ་འདོན་ཐུབ་པ་བྱུང་བ་དང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ཆ་ཚང་ཁྲི་1.79བསྐྲུན་པ། ཁུལ་ཆུང་རྙིང་གོག་70སྒྱུར་བཀོད་བཅས་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་15.5དོན་འཁྱོལ་བྱས་ནས་ལྷ་སའི་བར་སྐོར་གནའ་གྲོང་སྲུང་སྐྱོབ་དང་གྲོང་ཁུལ་རྙིང་གྲས་སྒྱུར་བཀོད་རིམ་སྤོར་གྱི་ལས་གྲྭ་སྤེལ་བར་རྒྱབ་སྐྱོར་བྱས་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། གྲོང་གསེབ་དར་རྒྱས་གཏོང་བའི་འབྲེལ་མཐུད་སྐུལ་འདེད་གཏོང་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་124.3དོན་འཁྱོལ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། ས་མཐོའི་མཛེས་མཐུན་ཤང་གྲོང་180གསར་སྐྲུན་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་14.2དོན་འཁྱོལ་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་45གསར་སྐྲུན་དང་སྒྱུར་བཀོད་རིམ་སྤོར་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་28.2དོན་འཁྱོལ་བྱས་ནས་ཆུ་བེད་རྨང་གཞིའི་སྒྲིག་བཀོད་མ་ལག་སོགས་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད།
(ལྔ) ཧུར་ཐག་འབད་ཐག་གིས་དམངས་འཚོར་ཕན་འདོགས་པ་དང་མི་སེམས་གཅིག་ཏུ་སྒྲིལ་བ། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ཤིང་། དམངས་འཚོའི་ཐད་མ་དངུལ་སྒོར་དུང་ཕྱུར་2552.9བཏང་བ་དེས་ནོར་སྲིད་གཏོང་སྒོའི་82.3%ཟིན་ཡོད། མ་དངུལ་སྒོར་དུང་ཕྱུར་187དོན་འཁྱོལ་བྱས་ནས“28+10”ཡི་དམངས་འཚོའི་བྱ་བ་དངོས་ལེགས་སྒྲུབ་བྱས་ཡོད། སྤུས་དག་ལས་ཞུགས་གང་ལེགས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། ལས་ཞུགས་ཐད་མ་དངུལ་སྒོར་དུང་ཕྱུར་39.6དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དང་། ལས་རིགས་ལག་རྩལ་གསོ་སྦྱོང་གི་ཁ་གསབ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ཁ་གསབ་སོགས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་5.1གསར་འཕར་དང་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཞིང་ཕན་ཁ་གསབ་རྣམ་གྲངས་ཁག་63ལ་མ་དངུལ་སྒོར་དུང་ཕྱུར་213བཀོད་སྒྲིག་བྱས་ཏེ། ཞིང་འབྲོག་པ་མི་ཁྲི་66གནས་སྒྱུར་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གཞི་གཅིག་ཅན་གྱི་སློབ་གསོ་དང་ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། ལྗོངས་ཡོངས་ཀྱི་སློབ་གསོར་མ་དངུལ་སྒོར་དུང་ཕྱུར་371.9དོན་འཁྱོལ་བྱས་ཏེ། སློབ་གསོའི“འགན་ལེན་གསུམ”གྱི་ཁ་གསབ་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་5700བར་མཐོ་རུ་བཏང་བ་དང་། སློབ་གནས་མཁོ་འདོན་བྱེད་ཚད་5000བར་མང་དུ་བཏང་བ། ཚན་རྩལ་གསར་གཏོད་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཚན་རྩལ་ཐད་མ་དངུལ་སྒོར་དུང་ཕྱུར་11.24བཏང་ཞིང་། ལོ་གཉིས་བསྟུད་མར་ལྡབ་སྒྱུར་འཕར་ནས་ཚན་རིག་ཁྱབ་གདལ་ཐད་བཏང་བའི་མ་དངུལ་མི་རེར་ཆ་སྙོམས་ཚད་གཞི་སྒོར་4བར་མཐོ་རུ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་4.8དོན་འཁྱོལ་བྱས་ཏེ། “གསོ་འདྲེན་སྤྱོད་ཉར་བཞིའི”ལས་གྲྭ་དང“ཇོ་རིའི་ཕུལ་བྱུང་ཤེས་ལྡན་པའི”འཆར་གཞི་སོགས་ལག་བསྟར་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། འཕྲོད་བསྟེན་བདེ་ཐང་ཐད་གཏོང་སྒོ་སྒོར་དུང་ཕྱུར་194.9དོན་འཁྱོལ་བྱས་ནས། “དམིགས་ས་ལྔའི”བླང་བྱ་དོན་འཁྱོལ་བྱས་པ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་ལོ་རེར་མི་རེར་སྒོར་120དང་སྒོར་735བར་སོ་སོར་མཐོ་རུ་བཏང་བ། ཕྲུ་གུ་དམར་འབྱར་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུར་རོགས་རམ་བྱས་པ་མ་ཟད། ལོ་8ནས་11བར་གྱི་བྱིས་པར་རིན་མེད་ངང་སོ་ཀོང་བརྒྱངས་གསོའི་སྨན་བཅོས་བྱས་ཡོད། རིག་གནས་དང་ལུས་རྩལ་གྱི་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། རིག་གནས་ཐད་མ་དངུལ་སྒོར་དུང་ཕྱུར་11.6བཏང་ནས་དམངས་ཕན་རིག་གནས་དང་། “མཐའ་གསོས”རིག་གནས། ཕུལ་བྱུང་རིག་གནས་ཀྱི་ཐོན་རྫས་གྲོང་གསེབ་ལ་མཁོ་འདོན་བྱེད་པའི་ལས་གཞི་བཅས་ལག་བསྟར་ཤུགས་ཆེན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་ངང་སྒོ་མོ་འབྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། ལུས་རྩལ་ཐད་མ་དངུལ་སྒོར་དུང་ཕྱུར་3.4བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་ཞིང་། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་གྱི་མཐར་ཟད་འགྲན་བསྡུར་སོགས་ལུས་རྩལ་འགྲན་བསྡུར་གྱི་བྱེད་སྒོ་གལ་ཆེན་ཡག་པོ་གཉེར་ཡོད། སྤྱི་ཚོགས་འགན་སྲུང་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་295བར་མཐོ་རུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལོ་རེར་མི་རེར་སྒོར་12324དང་སྒོར་5790བར་སོ་སོར་མཐོ་རུ་བཏང་ཡོད། བུ་གསོའི་ཁ་གསབ་ལམ་སྲོལ་བཙུགས་ནས་མི་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་སྒོར་3600སྤྲད་ཡོད། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་དང་། དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས། ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་སོགས་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད། མང་ཚོགས་ཀྱི་མི་ལུས་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པའི་འགན་བཅོལ་གྱི་སྐྱིན་ཚབ་ཚད་གཞི་སྒོར་ཁྲི་15བར་མཐོ་རུ་བཏང་ཡོད། དིང་རིའི་ས་ཡོམ་གྱི་རྒུད་སྐྱོབ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་100.5གཅིག་གྱུར་འཆར་འགོད་ཀྱིས་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བར་རོགས་སྐྱོབ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་བཅས་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།
(དྲུག) སྐྱེ་ཁམས་སྔོན་འཇོག་གིས་མཐོ་ས་བཏོད་ནས་མཐའ་ཚད་བསྲུངས་བ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་13.7དོན་འཁྱོལ་བྱས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཏིང་ཟབ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་42.8དོན་འཁྱོལ་བྱས་ནས། ཞན་འགྱུར་རྩྭ་ཐང་སླར་གསོ་དང་། བྱེ་སྟོང་དུ་གྱུར་རིགས་བཅོས་སྐྱོང་། འདམ་ར་སྲུང་སྐྱོབ་དང་སླར་གསོ་བཅས་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གྲྭ་སོགས་སྤེལ་ཡོད། མ་དངུལ་སྒོར་དུང་ཕྱུར་7དོན་འཁྱོལ་བྱས་ནས་སྦགས་བཙོག་འགོག་བཅོས་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ལ་སྒོར་དུང་ཕྱུར་46.7སྒྱུར་སྤྲོད་བྱས་ཡོད། སྐྱེ་ཁམས་སྐྱོང་གསབ་ལམ་སྲོལ་དོན་འཁྱོལ་བྱས་ནས་མ་དངུལ་སྒོར་དུང་ཕྱུར་14.6བཀོད་སྒྲིག་བྱས་པ་དང་སྐྱེ་ཁམས་ཐད་ཀྱི་ལས་གནས་ཁྲི་40ལྷག་ཙམ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་34.2དོན་འཁྱོལ་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་ཡོད།
(བདུན) མཐའ་དར་དམངས་ཕྱུག་གི་རྨང་གཞི་དང་རྩ་བ་སྲ་བརྟན་དུ་བཏང་བ། མཐའ་བརྟན་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། མཐའ་མཚམས་ས་ཁུལ་ལ་སྒྱུར་སྤྲོད་བྱས་པའི་མ་དངུལ་བེད་སྤྱོད་ཡག་པོ་བྱས་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ་དང་། རང་བརྟེན་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པ། འགྲམ་འགག་སྒོ་སླར་གསོ་བསྐྱར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་སོགས་དམངས་འཚོའི་སྲིད་ཇུས་ཀྱི་ཁ་གསབ་ཚད་གཞི་མུ་མཐུད་མཐའ་07མཚམས་ས་ཁུལ་ལ་གཟིགས་སྐྱོང་ཡོད།
2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན། ལོ་ལྔའི་རིང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཅིང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་དང་། ནོར་སྲིད་བསྒྱུར་བཅོས་དང་གོང་འཕེལ་གྱི་ལས་ཀར་ཡང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད།
གཅིག་ནི་ས་གནས་ཀྱི་ནོར་ཁུངས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་དངོས་པོའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། གཞི་རྒྱ་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་ལེན་བསྟར་བའི་གནས་ཚུལ་འོག“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྗོངས་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1226.9ལེགས་གྲུབ་བྱུང་བ་དེ་ལོ་ལྔ་ཚན་གོང་མ་ལས་21%འཕར་ཡོད་པ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་ཐེངས་དང་པོར་ལོ་གསུམ་རིང་གི་འཕར་ཚད་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་2025ལོར་གཞི་ཁྱོན་སྒོར་དུང་ཕྱུར་300ལས་ཐོག་མར་བརྒལ་ཡོད།
གཉིས་ནི་ནོར་སྲིད་ཀྱི་གཏོང་སྒོའི་ཤུགས་ཚད་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བར་འགན་སྲུང་ནུས་ལྡན་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཀྲུང་དབྱང་ནོར་སྲིད་ཀྱིས་རང་ལྗོངས་ལ་སྒྱུར་སྤྲོད་དང་སྲིད་གཞུང་གི་བུན་ལོར་བཅད་གྲངས་སྒོར་དུང་ཕྱུར་ཁྲི་1.36བཏང་བ་དེས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རིང་ཀྲུང་དབྱང་གིས་རང་ལྗོངས་ལ་ཁ་གསབ་རོགས་དངུལ་གནང་བའི་བསྡོམས་འབོར་གྱི་45%ཟིན་ཡོད། ཀྲུང་དབྱང་ནོར་སྲིད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་ནོར་སྲིད་གཏོང་སྒོ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་1.46ཟིན་པ་དེ་ལོ་ལྔ་ཚན་གོང་མ་ལས་43%འཕར་ཡོད་པས། “ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བར་འགན་སྲུང་ནུས་ལྡན་བྱས་ཡོད།
གསུམ་ནི་ནོར་སྲིད་ཀྱི་དམངས་འཚོའི་ཐད་ཀྱི་གཏོང་སྒོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་བསྒྱུར་བཅོས་དང་གོང་འཕེལ་གྱི་འབྲས་བུའི་ཕན་པ་སྔར་བས་མང་བ་དང་དྲང་སྙོམས་ཀྱི་སྒོ་ནས་མི་རིགས་ཁག་གི་མི་དམངས་ལ་ཐོབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནོར་སྲིད་ཀྱི་དམངས་འཚོའི་གཏོང་སྒོ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་ཞིང་། ལོ་ལྔ་ཚན་གོང་མ་ལས་45%འཕར་བ་དེས་ནོར་སྲིད་གཏོང་སྒོའི་བསྡུར་ཚད་ཀྱི་80%ལས་བརྒལ་ཡོད། དེའི་ནང་རིམ་རྩིས་བྱས་ན་དམངས་འཚོའི་བྱ་བ་དངོས་106ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་645བཏང་བ་དེ་ལོ་ལྔ་ཚན་གོང་མ་ལས་22%འཕར་ཡོད། ལས་ཞུགས་བརྟན་འཇགས་དང་རྒྱ་སྐྱེད་གཏོང་གང་ཐུབ་བྱས་ཤིང་། ནོར་སྲིད་ཀྱི་སློབ་གསོའི་གྲོན་དངུལ་དེ་རྒྱལ་ཡོངས་ནང་བཟུང་ཚད་མཐོ་ཤོས་སུ་སླེབས་ཡོད་པ་དང་། གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་སོགས་ཀྱི་འགན་སྲུང་ཆུ་ཚད་ལོ་རེ་བཞིན་མཐོ་རུ་སོང་ཡོད།
བཞི་ནི་ནོར་སྲིད་ཀྱི་ཉེན་འགོག་ཚོད་འཛིན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ནོར་སྲིད་གོང་འཕེལ་གཏོང་རྒྱ་སྔར་བས་ཆེ་རུ་སོང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་སྐྱོང་ལྗོངས་ཀྱིས་འོག་རིམ་ལ་སྒྱུར་སྤྲོད་བྱས་པའི་གཞི་ཁྱོན་དེ་ལོ་ལྔ་ཚན་གོང་མ་ལས་45.8%འཕར་ཞིང་། རྒྱལ་ཡོངས་ཀྱི་སྔོན་ལ་རྫོང་རིམ་པའི“འགན་ལེན་གསུམ”གྱི་སྔོན་རྩིས་ལ་རིམ་སྤོར་ཞིབ་བཤེར་བྱ་རྒྱུ་དེ་ཡོངས་སུ་ཁེབས་ཐུབ་པ་བྱུང་བ་དང་། ལྗོངས་ཡོངས་སུ་ཉེན་ཁའི་དོན་རྐྱེན་གཅིག་ཀྱང་ཐོན་མེད་པས། རྒྱལ་ཡོངས་ཁྲོད“འགན་ལེན་གསུམ”གྱི་ཉེན་ཁ་ཚོད་འཛིན་བྱེད་པའི་ཞིང་ཆེན་བཟང་ཤོས་སུ་གྱུར་ཡོད། བུ་ལོན་ནང་འཁོར་དོ་དམ་གྱི་ལམ་ལུགས་མ་ལག་ཁྱོན་ཡོངས་ནས་བཙུགས་ནས་རྒྱལ་ཡོངས་ཀྱི་བུ་ལོན་གྱི་ཉེན་ཁ་ཚོད་འཛིན་བྱེད་ཡག་ཤོས་ཀྱི་ཞིང་ཆེན་གྲས་ཤིག་རེད།
ལྔ་ནི་ནོར་སྲིད་དོ་དམ་གྱི་བསྒྱུར་བཅོས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་དེང་རབས་ཀྱི་ནོར་སྲིད་ལམ་ལུགས་ཀྱི་སྒྲོམ་གཞི་རྩ་བའི་ཆར་ཆགས་ཐུབ་པ་བྱུང་ཡོད། གཞི་གསར་སྔོན་རྩིས་ཀྱི་བསྒྱུར་བཅོས་ལ་མ་ལག་རང་བཞིན་གྱི་སྐུལ་འདེད་བཏང་ནས“2+1”གི་དེང་རབས་ནོར་སྲིད་ཀྱི་ཕྱོགས་བསྡུས་དོ་དམ་མ་ལག་གང་མགྱོགས་འཛུགས་ཐབས་བྱས་ཡོད། ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱེད་ཚད་མགྱོགས་སུ་གཏོང་བ་དང་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་ནས། བོད་ཀྱི་ནོར་སྲིད་གཏོང་སྒོའི་འཕེལ་རིམ་མགྱོགས་སུ་གཏོང་བའི་བྱ་ཐབས་དེ་2024ལོའི་ལོ་འཁོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་བྱས་པའི་ཁྲོད་དུ་ཤེས་རྟོགས་བྱུང་བའི་དཔེ་མཚོན་གྱི་ཉམས་མྱོང་དང་བྱ་ཐབས་གྲས་སུ་བདམས་ཐོན་བྱུང་བ་མ་ཟད་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད། སློབ་གསོ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། རང་བྱུང་ཐོན་ཁུངས། འཕྲལ་བསྟུན་རོགས་སྐྱོབ། ཤེས་བྱའི་བདག་དབང་བཅས་ཁྱབ་ཁོངས་5ཡི་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ཀྱི་བསྒྱུར་བཅོས་ལེགས་སྒྲུབ་བྱས་ཡོད། མི་རིགས་ཞིང་ཆེན་དུ་སྔོན་ལ་ལྗོངས་ཀྱིས་རྫོང་ལ་ཐད་ཀར་དོ་དམ་བྱེད་པའི་ནོར་སྲིད་སྒྲིག་སྲོལ་བསྒྱུར་བཅོས་ཚོད་ལྟ་བྱས་པ་དང་། རྒྱལ་ཡོངས་སུ་སྔོན་ལ་གཞུང་ཁོངས་དངུལ་རྩའི་མ་རྩ་གཅིག་སྡུད་གཅིག་གྱུར་གྱིས་དོ་དམ་བྱེད་པའི་བསྒྱུར་བཅོས་ལེགས་འགྲུབ་བྱུང་ཞིང་། གཞི་རིམ་གྱི་ནོར་སྲིད་དང་རྩིས་གཉེར་ནུས་པ་མཐོར་འདེགས་ཀྱི་བསྒྱུར་བཅོས་ཚོད་ལྟ་བྱས་ཡོད། གཏོང་སྒོའི་ཚད་གཞིའི་མ་ལག་འཛུགས་མགྱོགས་སུ་བཏང་བ་དང་། བརྒྱུད་རིམ་ཡོངས་ཀྱི་བྱས་འབྲས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། ནོར་དོན་རྩིས་གཉེར་ལ་ལྟ་སྐུལ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པས་སྔོན་རྩིས་དོ་དམ་གྱི་ཆུ་ཚད་མཐོ་རུ་དང་། ནོར་སྲིད་གཏོང་སྒོའི་ལས་ཆོད་ཆེ་རུ། ནོར་དཔལ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཅས་མངོན་གསལ་དོད་དུ་ཕྱིན་ཡོད།
2025ལོ་དང་འདས་ཟིན་པའི་ལོ་ལྔའི་རིང་གྲུབ་འབྲས་དེ་འདྲ་ཐོབ་ཐུབ་པའི་འགག་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བར་ཐུག་ཡོད་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་དང་། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ལྟ་སྐུལ་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུའང་རེད།
དུས་མཚུངས་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ལས་དོན་ཐད་ད་དུང་དཀའ་ངལ་དང་གནད་དོན་འགའ་ཤས་ཡོད་པ་ངོས་འཛིན་ཐུབ་དགོས་ཤིང་། གཙོ་བོ་ནི། གཅིག་ནས་ཚན་པ་ཁ་ཤས་ཀྱིས་སྔར་བཞིན་ཕངས་མེད་ཀྱིས་གྲོན་དངུལ་སྤྱོད་པའི་བསམ་བློ་འཆང་བ་དང་ཀྲུང་དབྱང་ནས་བཏོན་པའི་འཚོ་བ་སྐྱེལ་མཁས་པོ་བྱེད་དགོས་པའི་བླང་བྱ་དང་ཧེ་བག་ཡོད་པ་དང་། གཉིས་ནས་ས་ཁུལ་དང་སྡེ་ཚན་ཁ་ཤས་ཀྱི་སྔོན་རྩིས་ལ་ཚན་རིག་དང་མཐུན་པའི་གཅུན་སྡོམ་ནན་པོ་བྱ་རྒྱུ་མི་འདང་བ་དང་ནོར་སྲིད་མ་དངུལ་སྤྱོད་འབྲས་ད་དུང་ཆེ་རུ་གཏོང་ཤེད་ཡོད་པ། གསུམ་ནས་ནོར་དཔལ་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་སྔར་བཞིན་ཐོན་པ་དང་། མངོན་མེད་བུ་ལོན་གསར་པ་ཐོན་པ་དང་སྒྲིག་འགལ་ཐོག་སྲིད་གཞུང་གི་ཉོ་སྒྲུབ་བྱེད་པ་སོགས་ཀྱི་གནོན་ཤུགས་སྔར་བཞིན་ཆེ་ཙམ་འཕྲད་རྒྱུ་རེད། ང་ཚོས་གནད་དོན་དེ་དག་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བྱེད་ཐབས་ཧུར་ཐག་སྤྱད་ནས་ཐག་གཅོད་གང་མགྱོགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།
གསུམ། 2026ལོའི་སྔོན་རྩིས་འཆར་ཟིན།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་པས། 2026ལོའི་སྔོན་རྩིས་བཟོ་འགོད་ཡག་པོ་བྱ་རྒྱུ་དང་ནོར་སྲིད་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།
(གཅིག) 2026ལོའི་ནོར་སྲིད་གནས་བབ་དབྱེ་ཞིབ།
2026ལོར་ཀྲུང་དབྱང་གིས་དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། རྒྱལ་ནང་གི་དཔལ་འབྱོར་འཕེལ་ངོ་རྒྱུན་མཐུད་ངང་བཟང་དུ་འགྲོ་བར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད། དུས་མཚུངས་བོད་ཀྱི་དཔལ་འབྱོར་གོང་འཕེལ་ལ་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་པ་དང་ཕན་ལྡན་གྱི་ཆ་རྐྱེན་འཛོམས་ཡོད་པ་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དེ་ནི་བོད་ཀྱི་བྱ་གཞག་ཁག་གོང་འཕེལ་འགྲོ་བའི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ཡིན་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་རྣམ་གྲངས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དེ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་འཕྲད་པའི་གོ་སྐབས་ཡག་ཤོས་ཡིན་པ། རྒྱལ་ཁབ་ཀྱི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་དང་ལྷག་པར་དུ་ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག་སོགས་ཐད་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ནི་བོད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་སྲིད་ཇུས་ཀྱི་འགན་ལེན་ཆེ་ཤོས་ཡིན་པ། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ། དམིགས་བསལ་གྱི་འཐབ་ཇུས་གནས་བབ་བཅས་ནི་བོད་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་མཐུན་རྐྱེན་བཟང་པོ་ཞིག་ཡིན་པས། དེ་དག་ནི་རང་ལྗོངས་ཀྱི་ནོར་སྲིད་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་གཞི་རྟེན་ཡིན།
འོན་ཀྱང་ད་དུང་མཐོང་ཐུབ་དགོས་པར། 2026ལོར་ཕྱི་ནང་ཁོར་ཡུག་སྔར་བཞིན་ཛ་དྲགས་རྙོག་འཛིང་ཆེ་ཞིང་། རྒྱལ་ནང་གི་དཔལ་འབྱོར་འཁོར་སྐྱོད་ཐད་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པ་དང་། རྒྱལ་ཕྱི་རྒྱལ་ནང་གི་ཁོར་ཡུག་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་རྒྱུན་མཐུད་ནས་ཐེབས་རྒྱུ་རེད། དེ་བཞིན་རང་ལྗོངས་ཀྱི་ནོར་སྲིད་ཀྱི་གནས་བབ་སྤྱིར་བརྟན་པོའི་ཁྲོད་ལེགས་ཕྱོགས་སུ་འགྲོ་བ་དང་ཆབས་ཅིག་དོ་སྙོམས་ཐུབ་པར་ཁྱད་ཆོས་ཀྱང་དེ་བས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད། དེ་ཡང་ནོར་སྲིད་ཡོང་འབབ་ཀྱི་ཆ་ནས་བལྟས་ན། ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་ལེགས་འཕེལ་གྱི་རྣམ་པ་བཟང་པོ་དེས་2026ལོའི་ནོར་སྲིད་ཡོང་འབབ་འཕར་རྒྱུར་འདེགས་སྐྱོར་ཐུབ་རྒྱུ་རེད། དུས་མཚུངས། རྒྱལ་ཡོངས་ཀྱི་སྒྱུར་སྤྲོད་འཕར་ཚད་དལ་དུ་འགྲོ་བ་དང་ས་གནས་ཀྱི་འབབ་ཁུངས་བཟོ་བའི་ཐད་ལ་དཀའ་གནད་འཕྲད་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པས། སྔོན་དཔག་བྱས་ན་2026ལོར་ནོར་སྲིད་འབབ་འཕར་གྱི་གནོན་ཤུགས་ཆེ་རུ་འགྲོ་རྒྱུ་རེད། ནོར་སྲིད་གཏོང་སྒོའི་ཆ་ནས་བལྟས་ན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། ཕྱོགས་ཁག་ལ་ནོར་སྲིད་གཏོང་སྒོའི་དགོས་མཁོ་ཆེ་ཙམ་ཡོད། དེ་ཡང“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒན་གསོ་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་གཞི་རྩའི་དམངས་འཚོའི་ཞན་ཆ་སེལ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་པ། ས་གནས་ཀྱི་དཔལ་འབྱོར་བརྟན་སྙོམས་ངང་འཁོར་སྐྱོད་ཡོང་བར་རྒྱབ་སྐྱོར་བྱས་ཏེ་གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོར་སྲུང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་སྙོམས་མཚུངས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྒྱུར་སྤྲོད་བྱེད་ཤུགས་ཆེ་ཙམ་ཞིག་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བརྡར་ཤ་བཅད་ན། 2026ལོའི་ནོར་སྲིད་གནས་བབ་བརྟན་ཐོག་ཡར་འཕེལ་ཡོང་བ་དང་། དེ་དང་ཆབས་ཅིག་དོ་སྙོམས་ཐུབ་ཙམ་གྱི་གནོན་ཤུགས་ཆེ་རུ་འགྲོ་བས་བསམ་བློ་དང་བྱ་སྤྱོད་ཐད་གྲ་སྒྲིག་ཡག་པོ་བྱེད་དགོས་ཀྱི་ཡོད།
(གཉིས) 2026ལོའི་སྔོན་རྩིས་བཟོ་འགོད་ཀྱི་སྤྱིའི་བླང་བྱ།
2026ལོའི་སྔོན་རྩིས་བཟོ་འགོད་ཡག་པོ་བྱེད་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ བླང་བྱ་གཞིར་བཟུང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་ལག་བསྟར་བྱེད་དགོས་པ་དང་། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་གཞི་རྩའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ“དོན་ཆེན་བཞི”རྒྱུན་མཐུད་ངང་དོན་འཁྱོལ་བྱེད་པར་རྩེ་གཅིག་ཏུ་དམིགས་ནས་དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཐོག གནད་འཁེལ་ཤུགས་འདོན་དང་ནུས་ཕྱོད་ཆེ་རུ་གཏོང་བར་སྔར་བས་དོ་སྣང་བྱས་ཏེ། དགོས་ངེས་ཀྱི་གཏོང་སྒོའི་ཤུགས་ཚད་རྒྱུན་འཁྱོངས་དང་། ནོར་སྲིད་ཚན་རིག་དང་མཐུན་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱེད་པ། ཁྲལ་བསྡུའི་གཟིགས་སྐྱོང་དང་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་ཚད་ལྡན་དུ་གཏོང་བ། ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་སྐྱེལ་མཁས་པོ་རྒྱུན་འཁྱོངས་བྱེད་པ། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་གོ་རིམ་ལྡན་པའི་སྒོ་ནས་ཧུར་ཐག་སེལ་བ། ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
གཤམ་གསལ་གྱི་བླང་བྱ་ཞིབ་ཕྲའི་ཐོག་མཐའ་འཁྱོངས་བྱེད་དགོས་པ་སྟེ། གཅིག་ནི་ཡོང་སྒོའི་སྔོན་རྩིས་དངོས་ཐོག་བདེན་འཚོལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་དཔག་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཆུ་ཚད་དང་འཚམ་པ་དང་། དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་སྦྲེལ་མཐུད་བྱས་ཏེ། ནོར་སྲིད་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནི་གཏོང་སྒོའི་སྔོན་རྩིས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། གཞི་གསར་སྔོན་རྩིས་ཀྱི་ལྟ་བ་གཏིང་ཟབ་བཟུང་སྟེ། རྩ་ཆེའི་མ་དངུལ་དེ་དག་གནད་འགག་ཆེ་ས་དང་དགོས་མཁོ་ཆེ་སར་སྤྱད་ནས་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་གཞི་རྩའི་དམངས་འཚོའི་ནོར་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་ལ་སྐུལ་འདེད་དང་། མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ཡག་པ་བྱེད་དགོས། གསུམ་ནི་སྲིད་གཞུང་གི་བུ་ལོན་གྲུབ་ཆ་ལེགས་སྒྱུར་དང་། སྲིད་གཞུང་གི་བུན་ལོར་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་བཏང་སྟེ་ནོར་སྲིད་རྒྱུན་མཐུད་ཐུབ་པར་སྐུལ་འདེད་གཏོང་དགོས། བཞི་ནི་ནོར་སྲིད་དོ་དམ་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་གཏོང་བ་དང་། སྔོན་རྩིས་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྔོན་རྩིས་ཕན་འབྲས་དོ་དམ་ལ་ཤུགས་སྣོན་དང་ལས་རྗེས་བྱས་འབྲས་སྤྱོད་ཤུགས་ཆེ་རུ་གཏོང་བ། ནོར་རྩིས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་དོ་དམ་གྱི་མ་ལག་ཅན་དང་། ཞིབ་ཚགས་ཅན། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།
གསུམ། 2026ལོའི་ནོར་སྲིད་སྲིད་ཇུས།
2026ལོའི་སྔོན་རྩིས་བཟོ་འགོད་སྐོར་གྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བླང་བྱ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་སོགས་ཀྱི་དགོངས་དོན་གཞིར་བཟུང་། 2026ལོར་རང་ལྗོངས་ཀྱིས་དེ་བས་དགེ་མཚན་ཆེ་བའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་རེད། “དེ་བས་དགེ་མཚན་ལྡན་པ”ཞེས་པ་དེ་མ་དངུལ་གྱི་གཞི་ཁྱོན་ཐོག་ནས་མངོན་དགོས་ལ། དེ་བས་ཀྱང་མ་དངུལ་བེད་སྤྱོད་བྱས་འབྲས་ཆེ་རུ་གཏོང་བའི་ཐོག་ནས་མངོན་དགོས་ཤིང་། གཙོ་བོ་ཕྱོགས་ལྔའི་ཐད་ནས་ཡིན་དགོས་པ་སྟེ། གཅིག་ནི་ནོར་སྲིད་ཀྱི་གཏོང་སྒོའི་འབོར་གཞི་ཆེ་རུ་བཏང་སྟེ་དགོས་ངེས་ཀྱི་གཏོང་ཤུགས་འགན་ལེན་བྱ་རྒྱུ། ཀྲུང་དབྱང་གི་སྒྱུར་སྤྲོད་ཐོབ་ཐབས་ཧུར་ཐག་བྱེད་པ་དང་། རང་ངོས་ཀྱི་ནོར་ཤུགས་འཕེལ་གཞི་སྔོག་འདོན་རྒྱ་སྐྱེད་བཏང་སྟེ་དགོས་ངེས་ཀྱི་གཏོང་སྒོའི་ཤུགས་ཚད་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ། གཉིས་ནི་བུན་འཛིན་ཡོ་བྱད་སྡེབ་སྒྲིག་ལེགས་འགྱུར་བྱས་ནས། བུན་འཛིན་གྱི་ཕན་འབྲས་འདོན་སྤེལ་སྔར་ལས་ཡག་པ་བྱ་རྒྱུ། བུ་ལོན་བཅད་གྲངས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་གང་ཐུབ་བྱས་ཐོག བུན་འཛིན་མ་དངུལ་དེ་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་སྔོན་དུ་བཏང་སྟེ། སྲིད་གཞུང་གི་བུན་འཛིན་མ་དངུལ་སྤྱོད་འབྲས་ཆེ་རུ་གཏོང་རྒྱུ། གསུམ་ནི་མ་དངུལ་སྒྱུར་སྤྲོད་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་གྲོང་ཁྱེར་དང་རྫོང་གི་རང་བརྟེན་བེད་སྤྱོད་བྱེད་པའི་ནོར་ཤུགས་ཆེ་རུ་གཏོང་རྒྱུ། གཞི་རིམ་ལ་སྒྱུར་སྤྲོད་བྱེད་པའི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་རྒྱུ་དང་། དོ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་དང་རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་སྲུང་ལམ་སྲོལ་གྱི་བྱ་དགའ་དང་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུ། སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུའི་ནོར་སྲིད་ཀྱི་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་རྫོང་གིས་རང་འགུལ་ངང་དཔལ་འབྱོར་གོང་འཕེལ་བཏང་ནས་ཡོང་འབབ་དེ་བས་མང་བ་བཟོ་བར་སྐུལ་ལྕག་གཏོང་རྒྱུ། དེ་དག་དང་ཆབས་ཅིག་སྒྱུར་སྤྲོད་ཀྱི་གྲུབ་ཆ་ལེགས་སྒྱུར་བྱས་ནས་གྲོང་ཁྱེར་དང་རྫོང་གི་ནོར་ཤུགས་དང་གཅིག་གྱུར་འཆར་འགོད་བྱེད་ནུས་ཆེ་རུ་གཏོང་རྒྱུ། བཞི་ནི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱེད་པར་རྒྱུན་མཐུད་ནས་ཤུགས་བརྒྱབ་སྟེ། གཙོ་གནད་ཁྱབ་ཁོངས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “མ་དངུལ་གྲོན་ཆུང་བྱེད་སར་གྲོན་ཆུང་བྱེད་པ་དང་གཏོང་དགོས་སར་གཏོང་ཕོད་པ”མཐའ་འཁྱོངས་ཀྱིས། འབབ་འཕར་གཏོང་མཁས་བྱེད་པའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ཐོག གཞི་གསར་སྔོན་རྩིས་ཀྱི་འདུ་ཤེས་བཅངས་ནས་གཏོང་སྒོའི་མཁྲེགས་འགྱུར་གྱི་རྣམ་པ་ལས་སྒྲོལ་དགོས་པ་དང་། ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་སྐྱེལ་མཁས་པོ་གོམས་འཇགས་བྱེད་པའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཕན་ཆུང་ཕན་མེད་ཀྱི་གཏོང་སྒོ་འཕྲི་འཐེན་ཤུགས་ཆེ་བྱས་ཐོག་འཛད་སྤྱོད་ཆེར་སྤེལ་དང་། མི་ཐོག་ལ་མ་འཇོག དམངས་འཚོ་འགན་སྲུང་སོགས་ཀྱི་ཐད་མ་དངུལ་དེ་བས་མང་བ་བེད་སྤྱོད་བཏང་ནས་དཔལ་འབྱོར་གོང་འཕེལ་འགྲོ་བའི་སྙུགས་ཤེད་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་རྒྱུ། ལྔ་ནི་ནོར་སྲིད་དང་དངུལ་རྩ་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ནོར་སྲིད་མ་དངུལ་གྱི་འགྱོགས་མདའི་ནུས་འབྲས་ཆེ་རུ་གཏོང་རྒྱུ། ནོར་སྲིད་ཀྱི་སྐྱེད་སྦྱར་དང་། ཁག་ཐེག་ཁ་གསབ། འགན་བཅོལ་གྲོན་དངུལ་གྱི་ཁ་གསབ་སོགས་སྤྲོད་སྟངས་སྒྲིལ་སྤྱོད་བྱས་ཐོག སྲིད་གཞུང་དང་། དངུལ་ཁང་། ཁག་ཐེག ཁེ་ལས་བཅས་ཕྱོགས་ཁག་གི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། ནོར་སྲིད་དང་དངུལ་རྩའི་ཐོན་ཁུངས་སྤྱད་ནས་ཕྱོགས་གཅིག་ཏུ་ཤུགས་སྣོན་རྒྱག་རྒྱུ་དང་། འཛད་སྤྱོད་དང་མ་འཇོག་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། གཞི་ཆེའི་སྲིད་ཇུས་ཀྱིས་གཞི་ཆུང་བྱེད་པོའི་གསོན་ཤུགས་འདོན་སྤེལ་གང་ལེགས་ཐུབ་པ་བྱ་རྒྱུ།
(བཞི) 2026ལོའི་སྔོན་རྩིས་ཀྱི་ཡོང་འབབ་དང་གཏོང་སྒོའི་བཀོད་སྒྲིག
སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། ལྗོངས་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་343.2ཡིན་པ་དེ་ལོ་གོང་མའི་ལག་བསྟར་བྱས་གྲངས་ལས་8%འཕར་རྒྱུ་དང་། དེའི་ཐོག་ཀྲུང་དབྱང་གིས་སྔ་སྣུར་དུ་སྒྱུར་སྤྲོད་དང་། སྤྱིར་བཏང་གི་དངུལ་བུན་གཤམ་སྤྲོད་བྱས་པ་སྒོར་དུང་ཕྱུར་2206.3བསྣན་ན། ལོ་འགོའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2549.5ཟིན་རྒྱུ་རེད། (ལག་བསྟར་བྱེད་རིང་ཀྲུང་དབྱང་གི་སྒྱུར་སྤྲོད་བྱས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་འགྱུར་ལྡོག་བཏང་སྟེ་ལེགས་སྒྲིག་བྱ་རྒྱུ་ཡིན) སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་2549.5བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། དེའི་ཐོག་སྒྲིག་སྲོལ་ལྟར་ཀྲུང་དབྱང་ལ་གོང་འབུལ་ཞུས་པའི་གཏོང་སྒོ་དང་། སྤྱིར་བཏང་གི་བུ་ལོན་འཇལ་སྤྲོད་བྱས་པ་སོགས་བསྣན་ན། ལོ་འགོའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2950.3ཟིན་རྒྱུ་རེད། དེའི་ནང་རང་སྐྱོང་ལྗོངས་རིམ་པ་འདི་གའི་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་59.9ཡིན་པ་དང་། དེ་དུས་མཚུངས་ལས་18.5%འཕར་རྒྱུ་ཡིན་པ་དང་། དེའི་ཐོག་ཀྲུང་དབྱང་ནས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པ་དང་སྤྱིར་བཏང་གི་དངུལ་བུན་སྒོར་དུང་ཕྱུར་2206.3བསྣན་ན། ལོ་འགོའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2266.2ཟིན་རྒྱུ། རང་སྐྱོང་ལྗོངས་རིམ་པ་འདི་གའི་གཏོང་སྒོ་སྒོར་དུང་ཕྱུར་1150.8(ལག་བསྟར་བྱེད་པའི་ནང་གྲོང་ཁྱེར་དང་རྫོང་ལ་གཤམ་སྤྲོད་བྱ་རྩིས་ཡོད་པའི་མ་དངུལ་ཚུད་ཡོད)དང་། གྲོང་ཁྱེར་དང་རྫོང་ལ་སྒྱུར་སྤྲོད་སྒོར་དུང་ཕྱུར་1512.2བཀོད་སྒྲིག་བྱས་པའི་ཐོག་ཀྲུང་དབྱང་གི་གཏོང་སྒོ་སོགས་བསྣན་ན། ལོ་འགོའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་2685ཟིན་རྒྱུ་རེད། ལོ་འགོའི་གཏོང་ཡོང་གི་ཆད་ཆ་དེ་ཁྲིམས་ལྟར་སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་ཁ་གསབ་བྱས་ནས་གཏོང་ཡོང་གི་བསྡོམས་འབོར་དོ་སྙོམས་ཐུབ་རྒྱུ་རེད།
སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ལྗོངས་ཡོངས་ཀྱི་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་44.1ཡིན་ཞིང་། དེའི་ཐོག་ཀྲུང་དབྱང་ནས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པ་དང་ཆེད་དམིགས་བུ་ལོན་སོགས་བསྣན་ན། ལོ་འགོའི་སྔོན་རྩིས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་309.4ཟིན་རྒྱུ་ཡིན་པ་དང་། གཏོང་སྒོ་སྒོར་དུང་ཕྱུར་306.4ཡིན་ཞིང་། དེའི་ཐོག་སྒྱུར་འདོན་མ་དངུལ་སོགས་བསྣན་ན། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་309.4ཟིན་རྒྱུ་རེད། དེའི་ནང་རང་སྐྱོང་ལྗོངས་རིམ་པ་འདི་གའི་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་5ཡིན་ཞིང་། དེའི་ཐོག་ཀྲུང་དབྱང་ནས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པ་དང་ཆེད་དམིགས་བུ་ལོན་སོགས་བསྣན་ན། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་217.9ཟིན་རྒྱུ་རེད། གཏོང་སྒོ་སྒོར་དུང་ཕྱུར་195.3ཡིན་ཞིང་། (ལག་བསྟར་བྱེད་པའི་ནང་འོག་རིམ་ལ་བུན་སྒྱུར་བཏང་བ་སོགས་ཀྱི་གཏོང་སྒོ་ཚུད)དེའི་ཐོག་འོག་རིམ་ལ་ཁ་གསབ་སྤྲད་པ་སོགས་བསྣན་ན་གཏོང་སྒོ་བསྡོམས་འབོར་སྒོར་དུང་ཕྱུར་217.9ཟིན་རྒྱུ་རེད།
གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས། ལྗོངས་ཡོངས་ཀྱི་ས་གནས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་6.1ཟིན་རྒྱུ་ཡིན་ཞིང་། དེའི་ཐོག་ཀྲུང་དབྱང་ནས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པ་སོགས་བསྣན་ན། ལོ་འགོའི་སྔོན་རྩིས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་9.6ཟིན་རྒྱུ་རེད། གཏོང་སྒོ་སྒོར་དུང་ཕྱུར་7.8ཟིན་རྒྱུ་ཡིན་ཞིང་། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པ་སོགས་བསྣན་ན། ལོ་འགོའི་སྔོན་རྩིས་ཀྱི་གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་9.6ཟིན་རྒྱུ་རེད། དེའི་ནང་རང་སྐྱོང་ལྗོངས་རིམ་པ་འདི་གའི་ས་གནས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་བྱས་པའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་2.7ཟིན་རྒྱུ་ཡིན་ཞིང་། དེའི་ཐོག་ཀྲུང་དབྱང་ནས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པ་སོགས་བསྣན་ན། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་4.1ཟིན་རྒྱུ་རེད། གཏོང་སྒོ་སྒོར་དུང་ཕྱུར་3.3ཟིན་རྒྱུ་ཡིན་ཞིང་། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པ་སོགས་བསྣན་ན། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་4.1ཟིན་རྒྱུ་རེད།
སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་410.6ཟིན་རྒྱུ་ཡིན་ཞིང་། དེའི་ནང་འགན་བཅོལ་བྱས་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་338.3དང་། ནོར་སྲིད་ཀྱི་ཁ་གསབ་དང་སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་72.3ཚུད་ཡོད། གཏོང་སྒོ་སྒོར་དུང་ཕྱུར་293.2ཟིན་རྒྱུ་རེད། ལོ་དེ་གའི་གཏོང་ཡོང་འཕྲོས་ལྷག་སྒོར་དུང་ཕྱུར་117.4དང་ལོ་མཇུག་གི་རིམ་གསོག་འཕྲོས་ལྷག་སྒོར་དུང་ཕྱུར་991.8ཟིན་རྒྱུ་རེད།
(ལྔ) 2026ལོའི་ནོར་སྲིད་ཀྱི་གཏོང་སྒོ་གཙོ་གནད་བཀོད་སྒྲིག་བྱས་ཚུལ།
གཅིག་ནི་ཡུན་རིང་བདེ་འཁོད་ཡོང་རྒྱུར་གཞི་ཚུགས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་བསྐྲུན་རྒྱུ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་བརྒྱབ་སྟེ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། རང་བྱུང་གནོད་འཚེར་ལྟ་དཔྱད་དང་། འཕྲལ་བསྟུན་རོགས་སྐྱོབ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། བདེ་འཇགས་ཐོན་སྐྱེད་དང་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྲ་བརྟན་དང་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མི་རིགས་མཐུན་སྒྲིལ་གྱི“འཆར་གཞི་གསུམ”ལག་བསྟར་ཤུགས་ཆེན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཐོག“ས་མཐོའི་སེ་འབྲུ་དམར་པོའི”སྤུས་རྟགས་ཀྱི་རྩ་བ་བརྟན་པོ་འཛུགས་རྒྱུ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བསྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཅིག་གང་མགྱོགས་བསྐྲུན་རྒྱུ།
གཉིས་ནི་ནང་མཁོ་རྒྱ་སྐྱེད་གཏོང་རྒྱུར་གཞི་ཚུགས་ཏེ་དཔལ་འབྱོར་གོང་འཕེལ་དང་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། སྲིད་ཇུས་ཀྱི་ནུས་ཕྱོད་འདོན་སྤེལ་གང་ལེགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ཁེ་ལས་ལ་ཐོབ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ནས་ལག་ལེན་བསྟར་རྒྱུ། ཀྲུང་དབྱང་གིས་བོད་ལ་གནང་བའི་ནོར་སྲིད་དང་དངུལ་རྩའི་མཐུན་སྦྱོར་གྱི་དམིགས་བསལ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ནོར་སྲིད་མ་དངུལ་གྱི་འགྱོགས་མདའི་ནུས་འབྲས་ཆེ་རུ་གཏོང་རྒྱུ། ཕན་ལྡན་གྱི་མ་འཇོག་རྒྱ་སྐྱེད་ཧུར་ཐག་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ནང་གི་མ་འཇོག་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་གཙོ་གནད་དང་ཆེད་སྤྱོད་མ་དངུལ། ས་གནས་སྲིད་གཞུང་གི་བུན་ལོར་སོགས་སྒོར་དུང་ཕྱུར་288.6གཅིག་གྱུར་ཐོག་བཀོད་སྒྲིག་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་གོང་འཕེལ། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་སྲུང་སྐྱོབ། མཐའ་དར་བརྟན་སྲུང་སོགས་ཀྱི་གལ་ཆེའི་རྣམ་གྲངས་ལག་བསྟར་གང་མགྱོགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། འཛད་སྤྱོད་ཀྱི་གདིང་ཤུགས་རྒྱུན་མཐུད་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་འཆར་གཞི་ལག་ལེན་བསྟར་ཏེ་གྲོང་མིའི་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་རྒྱུ། འཛད་སྤྱོད་མ་དངུལ་སྒོར་དུང་ཕྱུར་7.1བཀོད་སྒྲིག་བྱས་ཏེ་འཛད་སྤྱོད་ཆེར་གཏོང་གི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། སྤྱི་པའི་ཞབས་ཞུའི་གཏོང་སྒོས་ནོར་སྲིད་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་ལུགས་མཐུན་ངང་མཐོ་རུ་བཏང་སྟེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཁྲོད་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། གོང་འཕེལ་གྱི་ཁོར་ཡུག་ལེགས་ སྒྱུར་བྱེད་པར་རྒྱབ་སྐྱོར་ཟམ་མི་ཆད་པ་བྱ་རྒྱུ། སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་སྐུལ་ལྕག་བྱེད་པའི་བྱ་དགའི་ཁ་གསབ་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ཐོག མ་དངུལ་སྒོར་དུང་ཕྱུར་5བཀོད་སྒྲིག་བྱས་ཏེ་ཚོང་འགུགས་མ་འདྲེན་ལ་གཞོགས་སྐྱོར་བྱ་རྒྱུ།
གསུམ་ནི་བཟང་སྤེལ་ཞན་གསབ་ལ་གཞི་ཚུགས་ནས་ཡུལ་བབ་མཐུན་འགྱུར་གྱིས་ས་མཐོའི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུ། ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་བརྟན་པོ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་60བཀོད་སྒྲིག་བྱས་ནས་འབྲུ་རིགས་ཐོན་འབབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུའི་བྱ་སྤྱོད་སོགས་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་20གསར་བཟོ་དང་བསྒྱུར་བཀོད་རིམ་སྤོར་བྱས་ནས་འབྲུ་རིགས་ཉེན་མེད་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་10བཀོད་སྒྲིག་བྱས་ནས་ཞིང་ལས་འགན་བཅོལ་གྱི་སྤུས་འབྲས་ལེགས་གཉེར་བྱེད་པར་སྐུལ་འདེད་གཏོང་རྒྱུ། ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་ཤུགས་ཆེན་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་1.2བཀོད་སྒྲིག་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་གློག་རིན་ཁ་གསབ་སྤྲོད་པའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུ། ཐོན་ཁུངས་ལས་སྣོན་བཟོ་ལས་མུ་མཐུད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ་རེས་སྐོར་གསར་པའི་གཏེར་འཚོལ་འགག་སྒྲོལ་འཐབ་ཇུས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་2.5བཀོད་སྒྲིག་བྱས་ཏེ་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བའི་བྱ་དགའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། རིག་གནས་ཡུལ་སྐོར་ལས་རིགས་མཉམ་འདྲེས་གོང་འཕེལ་གཏོང་བར་རྒྱབ་་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་40བཀོད་སྒྲིག་བྱས་ནས། ནོར་སྲིད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་ཐབས་ཁག་བཅུ་གཉིས་དོན་འཁྱོལ་བྱ་རྒྱུ་དང་། རིག་གནས་ཡུལ་སྐོར་ལས་རིགས་མཉམ་འདྲེས་ངང་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ཡུལ་སྐོར་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་30.2བཀོད་སྒྲིག་བྱས་ནས། གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུ་དང་། དམའ་དབྱིངས་དཔལ་འབྱོར། དེང་དུས་ཟོག་འགྲེམས་སོགས་དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་1.3བཀོད་སྒྲིག་བྱས་ཏེ། རྫོང་རིམ་པའི་སྦྲག་སྐྱེལ་ཟོག་འགྲེམས་ལྟེ་གནས་ཁག་60དང་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚུགས་ཁག་4000རིམ་སྤོར་བསྒྱུར་བཀོད་བྱས་ནས“བོད་ལ་བསྐུར་གླ་མི་དགོས་པའི་སྦྲག་སྐྱེལ”ཁྱབ་རྒྱ་ཆེ་རུ་ཕྱིན་ཡོད།
བཞི་ནི་ས་ཁོངས་མཐུན་སྦྱོར་བྱ་རྒྱུར་གཞི་ཚུགས་ཏེ་རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དུ་སྐུལ་སྤེལ་གཏོང་རྒྱུ། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བར་རྒྱུན་མཐུད་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། ས་གནས་སྲིད་གཞུང་གིས་བུན་ལོར་མ་དངུལ་གྱིས་སྤུས་ཚད་མཐོ་པོས་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་སྤེལ་བར་སྔོན་ལ་རྒྱབ་སྐྱོར་བྱས་ཐོག གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་ཚད་མཐོ་རུ་གཏོང་རྒྱུ་དང་། དྲོད་རླངས་དང་གསོ་རླུང་མཁོ་འདོན་བྱ་རྒྱུའི་ལས་གྲྭའི་རྣམ་གྲངས་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་11.8བཀོད་སྒྲིག་བྱས་ནས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་སྡེ་ཁུལ་རྙིང་པ་དང་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་གསར་བཟོ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ལག་ཡོད་ཚོང་བསྒྱུར་ཁང་པ་ཉོ་སྒྲུབ་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་དུ་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་3བཀོད་སྒྲིག་བྱས་ནས། ལྷ་ས་འདི་ཉིད་ཀྲུང་དབྱང་ནོར་སྲིད་ནས་རྒྱབ་སྐྱོར་བྱེད་པའི་འགྱིག་བལ་གྲོང་ཁྱེར་གྱི་ཚོད་ལྟ་བྱེད་ས་ཞིག་ཏུ་གཏོད་པར་རྒྱབ་སྐྱོར་བྱ་རྒྱུ། ས་གནས་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ནས། སྤྱི་པའི་གསང་སྤྱོད་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་རྒྱུ། ཤང་གྲོང་ཕྱོགས་ཡོངས་ནས་དར་རྒྱས་ཏན་ཏིག་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་128བཀོད་སྒྲིག་བྱས་ནས། རྒྱུན་རྣམ་ཅན་གྱི་གནད་འཕིགས་རོགས་སྐྱོར་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ས་མཐོའི་མཛེས་མཐུན་གྲོང་ཚོ་ཁག་200འཛུགས་སྐྲུན་བྱ་རྒྱུ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་དང་། ཞིང་འབྲོག་ལས་ཀྱི་སོན་བཟང་ཁ་གསབ། འབྲུ་རིགས་ཀྱི་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་རྒྱུའི་བྱ་དགའི་ཁ་གསབ། རྣམ་གསར་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོའི་བྱ་དགའི་ཁ་གསབ་སོགས་ཞིང་དར་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་བར་ཕན་སྐུལ་བཏང་ནས་གཞི་ཁྱོན་ཅན་གྱི་དབུལ་ལོག་དང་དབུལ་འགྱུར་མི་ཡོང་བའི་འགན་ལེན་བྱ་རྒྱུ། ཆུ་བེད་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་11བཀོད་སྒྲིག་བྱས་ནས། ཞོད་ཐན་གནོད་འཚེ་སྔོན་འགོག་དང་། ཆུའི་ཐོན་ཁུངས་ལེགས་འདུས་གྲོན་ཆུང་། སྲུང་སྐྱོབ་དང་ཉམས་གསོ་བཅོས་སྐྱོང་སོགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་3.6བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་དུད་ཚང་8006གི་ཉེན་ཆེའི་ཁང་པ་བསྒྱུར་བཀོད་དང་ཡོམ་འགོག་བརྟན་སྐྱོར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། གཅིག་གྱུར་ཐོག་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། ཞིང་ལས་ཀྱི་ཁ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་རྒྱུའི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་2བཀོད་སྒྲིག་བྱས་ནས། རྒྱུན་སྡོད་བྱེད་སའི་སྲིད་གཞུང་གིས་ཕྱི་ལོག་ནས་ཡོང་བའི་མི་འབོར་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་གི་ཚབས་ཆེའི་གནོད་འཚེའི་འགན་བཅོལ་ལམ་སྲོལ་འཛུགས་རྒྱུ། མཁོ་ཚོང་མཉམ་ལས་ཁང་གི་གཉེར་སྐྱོང་ཞབས་ཞུའི་དྲ་རྒྱ་སྤུས་འདེགས་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ།
ལྔ་ནི་སྟོབས་འཕེལ་ནུས་གསོག་བྱེད་པར་གཞི་ཚུགས་ཏེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་གསར་གཏོད་གཏིང་ཟབ་དང་སྒོ་མོ་རྒྱ་ཆེར་འབྱེད་རྒྱུ། བསྒྱུར་བཅོས་འགག་སྒྲོལ་ལ་སྐུལ་འདེད་གང་ཆེ་གཏོང་རྒྱུ། གཞི་གསར་སྔོན་རྩིས་དང་གཞི་རིམ་ནོར་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དང་། སྲིད་གཞུང་གི་ཉོ་སྒྲུབ་དང་ནོར་སྲིད་ཀྱི་མ་འཇོག་དཔྱད་ཞིབ་སོགས་ཀྱི་དོ་དམ་བསྒྱུར་བཅོས་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་རྒྱུ། ཆུ་ཚད་དེ་བས་མཐོ་བའི་ངང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། གཏོང་ཆའི་དོ་དམ་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ། ཕྱི་ཕྱོགས་ཀྱི་དཔལ་འབྱོར་ཚོང་དོན་དང་འགག་སྒོ་གོང་འཕེལ་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ཡག་པོ་བྱ་རྒྱུ། ཀྲུང་གོའི་བོད་ཀྱི“རི་བོ་ཧི་མ་ལ་ཡའི་མཐའ་བསྐོར་རྒྱལ་སྤྱིའི་མཉམ་ལས” གླེང་སྟེགས་དང“རི་བོ་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་ གཞུང་ལམ་རྐང་འཁོར་གྱི་མཐར་ཟད་འགྲན་བསྡུར”ཡག་པོ་གཉེར་བར་རྒྱབ་སྐྱོར་བྱ་རྒྱུ། བྱ་ཐབས་སྔར་བས་ཏན་ཏིག་སྤྱད་དེ་གསར་གཏོད་འདེད་སྐུལ་བྱེད་ཤུགས་ཆེ་རུ་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ། ཚན་རྩལ་ཐད་ཀྱི་སྣ་མང་ཅན་གྱི་གྲོན་དངུལ་གཏོང་བའི་ལམ་སྲོལ་བཙུགས་ཐོག་ནོར་སྲིད་ནས་ཚན་རྩལ་ཐད་མ་དངུལ་སྒོར་དུང་ཕྱུར་14.5བཀོད་སྒྲིག་བྱས་ནས་29%འཕར་བ་བྱས་ཏེ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཀྱི་རྨང་གཞིའི་ཞིབ་འཇུག གལ་ཆེའི་འཐབ་ཇུས་ཀྱི་ཚན་རྩལ་ལས་འགན་བཅས་ལ་དམིགས་གཏོང་བྱ་རྒྱུ།
དྲུག་ནི་མི་སེམས་གཅིག་ཏུ་བསྒྲིལ་རྒྱུར་གཞི་ཚུགས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་ཏན་ཏིག་གཏོང་རྒྱུ། “དམངས་འཚོའི་ལས་གཞི་ཆེན་པོ་བཅུ”ལ་དམིགས་ནས་མ་དངུལ་སྒོར་དུང་ཕྱུར་136བཀོད་སྒྲིག་བྱས་ཏེ། དམངས་འཚོའི་བྱ་བ་དངོས་ཁག་34ཡག་པོ་བསྒྲུབ་རྒྱུ། ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། གཙོ་གནད་མི་ཚོགས་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལེགས་སུ་བཏང་ཐོག ལས་ཞུགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་38.2བཀོད་སྒྲིག་བྱས་ནས། ལས་ཞུགས་ཐུབ་མེད་པ་དང་ལས་ཞུགས་བརྟན་པོ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ནུས་ཆེ་རུ་གཏོང་རྒྱུའི་བྱ་སྤྱོད་སྤེལ་རྒྱུ་དང་དམག་ཞབས་ཐིམ་པའི་དམག་མི་དང་དབང་པོ་སྐྱོན་ཅན་སོགས་གཙོ་གནད་མི་ཚོགས་ལས་ཞུགས་ཐུབ་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་འབྲོག་ལས་མིར་ལས་གཏོད་ཀྱི་ཐེངས་གཅིག་མའི་ཁ་གསབ་རོགས་དངུལ་དེ་སྒོར་2000ནས་སྒོར་5000བར་ལ་སྤོར་རྒྱུ། སྤྱི་པའི་ཞབས་ཞུ་ལེགས་སྒྱུར་ནུས་ལྡན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་370བཀོད་སྒྲིག་བྱས་ནས། སློབ་གསོ་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་ཐོག སློབ་ཞུགས་གོང་གི་སློབ་གསོ་སྤུས་ལེགས་ཀུན་ཕན་ངང་གོང་འཕེལ་གཏོང་རྒྱུ་དང་། འགན་བབས་སློབ་གསོ་སྤུས་ལེགས་སྙོམས་མཚུངས་དང་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་རྒྱུའི་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་5940ལ་སྤོར་རྒྱུ། ཞིང་འབྲོག་ཁུལ་གྱི་སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོའི་ལོ་རེར་སློབ་མ་རེའི་ཆ་སྙོམས་ཚད་གཞི་དེ་སྒོར་1000ལ་སྤོར་རྒྱུ། འགན་བབས་སློབ་གསོའི་དུས་མཚམས་ཀྱི་སློབ་གནས་5000ཙམ་ཁ་གསབ་བྱ་རྒྱུ། བོད་ཀྱི་ཆ་ཚང་སློབ་འབྲིང(སི་ཁྲོན་ཐེན་ཧྥུའུ)གི་སློབ་ཚུགས་སློབ་བསྡུ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་75བཀོད་སྒྲིག་བྱས་ནས། “དམིགས་བྱ་ལྔ”ཡི་བླང་བྱ་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱས་ཐོག འཕྲོད་བསྟེན་བདེ་ཐང་གི་སྤུས་འབྲས་གཉིས་འདེགས་བྱ་སྤྱོད་སྤེལ་ཏེ་ཡུལ་མིའི་བཟའ་བཅའི་འཚོ་བཅུད་ཡག་ཏུ་བཏང་ནས་བདེ་ཐང་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་དེ་སྒོར་125ལ་སྤོར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་དེ་སྒོར་765ལ་སྤོར་རྒྱུ། མ་ དངུལ་སྒོར་དུང་ཕྱུར་0.6བཀོད་སྒྲིག་བྱས་ནས། བཟོ་ཚོགས་ཀྱི་ས་ཚུགས་ཁག་150དང་། “ཁ་ལོ་བའི་ཁྱིམ་ཚང”37ལས་ཞུགས་ལས་རྣམ་གསར་པའི་སྤྱི་ཕན་ཞབས་ཞུའི་ས་ཚིགས་ཁག་228བཅས་བསྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་12བཀོད་སྒྲིག་བྱས་ནས། རིག་གནས་དམངས་ཕན་ལས་གཞི་ལག་ལེན་ཤུགས་ཆེན་བསྟར་བར་རྒྱབ་སྐྱོར་བྱ་རྒྱུ་དང་། ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཡག་པོ་གཉེར་རྒྱུ། དམངས་འཚོའི་མཐའ་ཚད་སྲུང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་12བཀོད་སྒྲིག་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་མ་དངུལ་ཟླ་རེར་མི་རེར་ཆ་སྙོམས་ཚད་གཞི་སྒོར་305ལ་སྤོར་རྒྱུ། མ་དངུལ་སྒོར་དུང་ཕྱུར་24.2བཀོད་སྒྲིག་བྱས་ནས། “རྒན་གཅིག་གཞོན་གཅིག”དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱ་རྒྱུའི་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཡུན་རིང་ནད་གཡོག་ལྟ་སྐྱོང་གི་འགན་བཅོལ་ལམ་ལུགས་བཙུགས་ཐོག གྲོང་གསེབ་ཀྱི་བདེ་སྐྱིད་གླིང་ཁག་30གསར་བསྐྲུན་བྱ་རྒྱུ། བུ་བཙའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། ཡོང་འབབ་དམའ་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་དྲོད་གཏོང་ཁ་གསབ་སྒོར་1800སྤྲོད་རྒྱུ། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་མའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་1000སྤྲོད་རྒྱུ། “གཅིག་སྡུད་གཉིས”ཀྱི་ཚན་པའི་འཁོར་སྐྱོད་འགྲོ་གྲོན་འགན་སྲུང་བྱེད་པའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་3600ལ་སྤོར་རྒྱུ། ཕྲུ་གུ་དམར་འབྱར་ལོ་མ་འཁོར་བ་ནས་ལོ་14བར་གྱི་དབང་པོ་སྐྱོན་ཅན་གྱི་བྱིས་པའི་ནད་གསོའི་སྦྱོང་བརྡར་སྤྲོས་པར་རོགས་སྐྱོབ་བྱ་རྒྱུ། དཀའ་ངལ་ཡོད་པའི་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་240གེགས་མེད་སྒྲིག་བཀོད་བཟོ་སྒྲིག་བྱ་རྒྱུ།
བདུན་ནི་འབྱུང་འཕྲོད་གོང་འཕེལ་ལ་གཞི་ཚུགས་ནས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ། སྦགས་བཙོག་འགོག་བཅོས་བྱ་རྒྱུའི་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་3.6བཀོད་སྒྲིག་བྱས་ནས། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ནུས་ཆེ་རུ་གཏོང་བ་དང་སྦགས་རྫས་གསར་པ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ལ་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་42བཀོད་སྒྲིག་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུའི་ཁ་གསབ་ལམ་སྲོལ་དོན་འཁྱོལ་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་31བཀོད་སྒྲིག་བྱས་ནས། ལྷོ་རི་བྱང་རིའི་སྔོ་སྒྱུར་ལས་གཞིར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་25.6བཀོད་སྒྲིག་བྱས་ནས། ནགས་ཚལ་དང་། རྩྭ་ཐང་། གཤེར་ས། བྱེ་ཐང་བཅས་གཞི་གཅིག་ཅན་གྱིས་སྲུང་སྐྱོབ་ཉམས་གསོ་དང་བྱེ་སྐྱོན་འགོག་བཅོས་བྱས་འབྲས་སོགས་སྲ་བརྟན་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་སྤྱི་གླིང་གསར་བཟོ་བྱེད་པར་སྐུལ་འདེད་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་30.8བཀོད་སྒྲིག་བྱས་ནས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་16.7བཀོད་སྒྲིག་བྱས་ནས། སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་4000ལ་སྤོར་རྒྱུ།
བརྒྱད་ནི་མཐའ་མཚམས་འཛུགས་སྐྲུན་བྱ་རྒྱུར་གཞི་ཚུགས་ཏེ་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་བྱ་སྤྱོད་ལག་བསྟར་བྱས་ཏེ། མཐའ་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ།
གསལ་བཤད་ཞུ་དགོས་པ་ཞིག་ལ། ལོ་འགོའི་སྔོན་རྩིས་ནི་ཀྲུང་དབྱང་གིས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པའི་དངུལ་འབོར་སོགས་ལ་གཞིགས་ནས་ཚོད་རྩིས་བཀོད་སྒྲིག་བྱས་པ་ཞིག་ཡིན་ཞིང་། སྔ་སྣུར་དུ་གཤམ་སྤྲོད་བྱས་གྲངས་དང་དངོས་སུ་གཤམ་སྤྲོད་བྱས་གྲངས་དབར་ཁྱད་པར་ཡོད་པའི་རྐྱེན་གྱིས་གཙོ་གནད་གཏོང་སྒོ་ཁག་གཅིག་ལོ་གོང་མའི་ལག་བསྟར་བྱས་གྲངས་དང་ཧེ་བག་ཆེ་ཙམ་ཡོད་པས། ལག་བསྟར་བྱེད་པའི་ནང་ཀྲུང་དབྱང་གི་སྒྱུར་སྤྲོད་བྱས་ཚུལ་དང་ཟུང་འབྲེལ་བྱས་ནས་ཁྲིམས་ལྟར་བཀོད་སྒྲིག་བྱ་རྒྱུ་ཡིན།
བཞི། 2026ལོའི་ནོར་སྲིད་དོ་དམ་དང་བསྒྱུར་བཅོས་ཀྱི་གཙོ་གནད་ལས་དོན།
(གཅིག) མ་ལག་ལྡན་པའི་སྒོ་ནས་གཞི་གསར་སྔོན་རྩིས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ནང་གཞི་གསར་སྔོན་རྩིས་བཟོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་། ས་གནས(གྲོང་ཁྱེར)བདུན་གྱི་རིམ་པ་འདི་ག་དང་ཐད་གཏོགས་རྫོང(གྲོང་ཁྱེར)ཁག་10ལ་གཞི་གསར་སྔོན་རྩིས་བསྒྱུར་བཅོས་བྱ་རྒྱུའི་ཚོད་ལྟ་སྤེལ་ཏེ། གཏོང་སྒོ་མཁྲེགས་སྒྱུར་གྱི་གནས་སྟངས་མེད་པ་བཟོ་བ་དང་། སྔོན་རྩིས་བཀོད་སྒྲིག་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པ་བྱས་ཏེ་འགན་སྲུང་ཡོད་ལ་ཚོད་འཛིན་ཡོད་པ་དང་། སྤར་ཆོག་ལ་འཕྲི་ཆོག་པ། འགྱུར་ལྡན་ལེགས་སྒྲིག་བྱེད་པ་བཅས་ཀྱི་སྔོན་རྩིས་བགོ་བཤའི་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། གཏོང་སྒོའི་ཚད་གཞིའི་མ་ལག་གོམ་པ་བརྟན་པོའི་ངང་འཛུགས་རྒྱུར་སྐུལ་འདེད་བཏང་ཐོག གཏོང་སྒོའི་ཚད་གཞི་འགུལ་རྣམ་ལེགས་སྒྲིག་བྱ་རྒྱུའི་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ། གཏོང་སྒོའི་ཚད་གཞི་དེ་སྔོན་རྩིས་བཟོ་འགོད་བྱེད་པའི་རྩ་བའི་གཞི་འཛིན་སར་འཇོག་རྒྱུ།
(གཉིས) ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་སྐྱེལ་མཁས་པོ་གོམས་གཤིས་སུ་འཇགས་པ་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱ་རྒྱུ། 《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བསྲི་ཚགས་ནན་ཏན་དང་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱ་རྒྱུའི་སྲོལ་ཡིག》དང《ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་སྐྱེལ་མཁས་པོ་གོམས་གཤིས་སུ་འཇགས་པ་བྱེད་པའི་བླང་བྱ་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》སོགས་ལམ་ལུགས་དང་གཏན་འབེབས་ལག་བསྟར་ནན་ཏན་བྱས་ཏེ། ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་སྐྱེལ་མཁས་པོ་གོམས་གཤིས་སུ་འཇགས་པ་བྱེད་པའི་བླང་བྱ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་ཐུབ་པ་བྱས་ནས། གྲོན་ཆུང་བསྲི་ཚགས་རྣམ་པའི་ལས་ཁུངས་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ།
(གསུམ) ནོར་སྲིད་ཐོན་ཁུངས་དང་སྔོན་རྩིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་གཞུང་གི་ཡོང་འབབ་ལ་སྔོན་རྩིས་ཀྱི་དོ་དམ་བྱ་རྒྱུ་ཚད་ལྡན་དུ་བཏང་ཐོག སྲིད་འཛིན་དབང་ཆ་དང་། སྲིད་གཞུང་གི་ཡིད་རྟོན། གཞུང་ཁོངས་ཐོན་ཁུངས(རྒྱུ་ནོར) བཅས་ལ་བརྟེན་ནས་བྱུང་བའི་ཡོང་འབབ་ཕྱོགས་ཡོངས་ནས་སྔོན་རྩིས་དོ་དམ་བྱེད་ཁོངས་སུ་འཇུག་རྒྱུ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས། དེ་བཞིན་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞུང་ཁོངས་མ་རྩའི་ཁེ་འབབ་གོང་འབུལ་ཞུ་བའི་བསྡུར་ཚད་བབ་བསྟུན་ལེགས་སྒྲིག་བྱ་རྒྱུ་དང་། དགོས་མཁོར་གཞིགས་ནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་ནས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་སྤྱོད་པར་གཅིག་གྱུར་འཆར་འགོད་བྱ་རྒྱུ། ནོར་སྲིད་ཀྱི་གསོག་ཐེབས་མ་དངུལ་ཕན་སྒྱུར་བྱས་ཏེ། ལྷག་འཕྲོའི་མ་དངུལ་ཚུར་བསྡུ་བེད་སྤྱོད་དང་འཕྲོས་སྒྱུར་མ་དངུལ་དེ་སྔོན་རྩིས་བཀོད་སྒྲིག་བྱ་རྒྱུ་དང་ག་སྦྱར་ཟུང་འབྲེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་། སྔོན་རྩིས་སྙོམ་སྒྲིག་བྱེད་པའི་དོ་དམ་བྱ་ཐབས་ཚགས་ཚུད་དུ་གཏོང་རྒྱུ། ནོར་སྲིད་ནས་བཏང་བའི་མ་དངུལ་དང་ནོར་སྲིད་ནས་བཏང་བ་མིན་པའི་མ་དངུལ་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། གཏོང་ཡོང་ཁག་ཚང་མར་གཅིག་གྱུར་གྱི་སྔོན་རྩིས་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་སྔོན་རྩིས་དོ་དམ་གྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་ཆེ་རུ་གཏོང་རྒྱུ།
(བཞི) ས་གནས་སྲིད་གཞུང་གིས་བུ་ལོན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ས་གནས་སྲིད་གཞུང་གི་ཁྲིམས་བཅད་བུ་ལོན“གཡར་སྤྱོད་སྡོམ་འཇལ”བཞིའི་འཁོར་ཡུན་ཧྲིལ་པོར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། གཙོ་འགན་སྡེ་ཚན་དང་རྣམ་གྲངས་ཚན་པའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་རྒྱུ་དང་། རྣམ་གྲངས་གྲབས་གསོག་དང་། རེ་ཞུ། ཞིབ་དཔྱད་བཅས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་མ་ཟད། ས་གནས་སྲིད་གཞུང་གི་བུན་ལོར་འགྲེམས་སྤེལ་དང་བེད་སྤྱོད་ཡག་པོ་བྱས་ཐོག ས་གནས་སྲིད་གཞུང་གི་བུ་ལོན་གྱི་བལྟོས་བཅས་རྒྱུ་ནོར་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། རྣམ་གྲངས་ཀྱི་ཡོང་འབབ་བསྡུ་འཇལ་དམ་འཛིན་ཡག་པོ་དང་མ་དངུལ་སྐྱིན་འཇལ་ཡོང་ཁུངས་འགན་སྲུང་བྱ་རྒྱུ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་འགོག་སེལ་ཏན་ཏིག་བྱས་ཏེ། ཁུལ་ཁོངས་ཡོངས་ཀྱི་མངོན་མེད་བུ་ལོན་གཙང་སེལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་སྒྲིག་འགལ་གྱིས་མངོན་མེད་བུ་ལོན་གསར་པ་བཟོ་བར་བཀག་འགོག་བྱས་ཐོག ཁྲིམས་འགལ་སྒྲིག་འགལ་གྱིས་བུན་ལེན་མ་དངུལ་བསྡུ་རྒྱུག་དང་མངོན་མེད་བུ་ལོན་སེལ་ཐབས་རྫུན་མ་བྱེད་པ་སོགས་ཀྱི་གནད་དོན་རིགས་ལ་འགན་འཁྲི་བདའ་འདེད་དང་འདྲི་རྩད་ནན་པོ་བྱ་རྒྱུ། ས་གནས་སྲིད་གཞུང་གི་མ་དངུལ་བསྡུ་རྒྱུག་གི་ལས་སྟེགས་སྒྱུར་བཅོས་ཕྱོགས་སྒྱུར་བྱེད་པར་གང་མགྱོགས་སྐུལ་འདེད་གཏོང་རྒྱུ།
(ལྔ) ཁྲལ་འབབ་ཀྱི་གཟིགས་སྐྱོང་དང་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་ཚད་ལྡན་དུ་གཏོང་རྒྱུ། ཁྲལ་འབབ་ཀྱི་ཁྲིམས་བཅད་རྩ་དོན་མཐའ་འཁྱོངས་བྱས་ཐོག བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་སྤྲད་པའི་དབང་ཆ་ལས་བརྒལ་ཏེ་རང་ངོས་ནས་ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་བཟོ་མི་ཆོག ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་དུ་གཏོང་རྒྱུའི་ལས་ཀར་སྐུལ་འདེད་བཏང་སྟེ། ལུགས་མཐུན་གྱི་གཞི་ཆེའི་དཔྱ་ཁྲལ་འཁྲི་ཚད་རྒྱུན་འཁྱོངས་བྱ་རྒྱུ། ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་གཙང་བཤེར་ཚད་ལྡན་བཟོ་བ་དང་། རྒྱུན་རྣམ་ཅན་གྱི་དོ་དམ་ལམ་སྲོལ་བཙུགས་ནས། སྒྲིག་འགལ་གྱིས་ནོར་སྲིད་ཁ་གསབ་སྲིད་ཇུས་འདོན་པའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ།
(དྲུག) ནོར་སྲིད་མ་དངུལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ། སྔོན་རྩིས་ཀྱི་ལས་རྗེས་ཕན་འབྲས་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་། གལ་ཆེའི་སྲིད་ཇུས་གསར་འདོན་དང་རྣམ་གྲངས་ལག་བསྟར་མ་བྱས་གོང་གི་ལས་རྗེས་ཕན་འབྲས་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྣམ་གྲངས་ལག་བསྟར་མ་བྱས་གོང་གི་ལས་རྗེས་ཕན་འབྲས་ལ་དཔྱད་དཔོག་བྱས་འབྲས་དེ་རྣམ་གྲངས་བཟོ་བའི་གཞི་འཛིན་སར་བརྩིས་ནས་རྣམ་གྲངས་ཀྱི་འགག་སྒོར་དམ་འཛིན་ནན་པོ་བྱ་རྒྱུ། གཏོང་སྒོའི་སྲིད་ཇུས་ལ་དུས་བཅད་ཚོད་སྐོར་དང་སྐབས་བསྟུན་ལེགས་སྒྲིག་བྱ་རྒྱུའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ནུས་ཆུང་ནུས་མེད་ཀྱི་གཏོང་སྒོ་དུས་ཐོག་ཏུ་གཙང་སེལ་དང་། དུས་བབ་དང་མི་མཐུན་པའི་གཏོང་སྒོ་ལེགས་སྒྲིག་བྱས་ནས་གཏོང་སྒོའི་སྲིད་ཇུས་ཡུན་རིང་མཁྲེགས་འགྱུར་མི་ཡོང་བ་བྱ་རྒྱུ།
(བདུན) གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོ་སྐྱོང་རྒྱུ། “རྫོང་རིམ་པས་གཙོ་བོ་དང་། གྲོང་ཁྱེར་རིམ་པས་རོགས་སྐྱོར(ཐ་སྐྱོང)རང་སྐྱོང་ལྗོངས་རིམ་པས་ཐ་སྐྱོང”བཅས་བྱེད་པའི་རྩ་དོན་ལྟར་རིམ་དབྱེ་འགན་ལེན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་རྒྱུ། གྲོང་ཁྱེར་དང་རྫོང་གིས“འགན་ལེན་གསུམ”གྱི་དོ་དམ་ལམ་ལུགས་ཁག་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་བྱས་ཏེ། སྔོན་རྩིས་བཟོ་འགོད་ཁྲོད་ཀྱི“འགན་ལེན་གསུམ”གྱི་གཏོང་སྒོ་སྔོན་ལ་འཇོག་པའི་གོ་རིམ་མཐའ་འཁྱོངས་བྱེད་པ་དང་། རྩ་དོན་ཐོག་རྒྱུན་ལྡན་རང་བཞིན་གྱི་ནོར་ཤུགས་ལ་བརྟེན་ནས“འགན་ལེན་གསུམ”གྱི་གཏོང་སྒོ་བཀོད་སྒྲིག་བྱས་ཏེ“འགན་ལེན་གསུམ”གྱི་གཏོང་སྒོའི་སྔོན་རྩིས་གྲངས་ཚང་བཀོད་སྒྲིག་བྱེད་པ་དང་། མ་དངུལ་ཡོང་ཁུངས་བརྟན་ཞིང་འདང་ངེས་ཡོང་བར་འགན་ལེན་ཏན་ཏིག་བྱ་རྒྱུ། མཛོད་དངུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “འགན་ལེན་གསུམ”གྱི་གཏོང་སྒོའི་དགོས་མཁོ་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་བྱ་རྒྱུ།
(བརྒྱད) ནོར་དཔལ་སྒྲིག་ཁྲིམས་ནན་སྲུང་བྱ་རྒྱུ། འཚོ་བ་སྐྱེལ་མཁས་པོ་བྱེད་པ་སོགས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ཏེ་ནོར་དོན་རྩིས་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ནོར་སྲིད་ཡོང་འབབ་བཟོ་སྒྲིག་བྱས་ཏེ། “ཚད་བརྒལ་ཁྲལ་རིན”བསྡུ་ལེན་དང་ནོར་སྲིད་ཡོང་འབབ་རྫུན་སྤོར་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་མི་ཐོན་ནན་འགོག་དང་། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་འགེལ་བ། ཆ་གསེས་གང་བྱུང་དུ་རྒྱག་པ་བཅས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱ་རྒྱུ། སྔོན་རྩིས་ལག་བསྟར་ཐད་གཅུན་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་རྩིས་སྙོམ་སྒྲིག་ཚོད་འཛིན་ནན་པོ་བྱེད་པ་དང་། སྔོན་རྩིས་ལས་བརྒལ་རིགས་དང་སྔོན་རྩིས་མེད་པར་གཏོང་སྒོ་བཀོད་སྒྲིག་གམ་ཡང་ན་སྲིད་གཞུང་གི་ཉོ་སྒྲུབ་བྱེད་རིགས་གཏན་འགོག་བྱེད་པ། སྔོན་རྩིས་ལག་བསྟར་རྒྱུན་ལྡན་ཅན་དུ་འགྱུར་བའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་གཞུང་གི་ཉོ་སྒྲུབ་ཁྱབ་ཁོངས་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གི་ཉོ་སྒྲུབ་བཀག་རྒྱའི་གསལ་ཐོའི་ལམ་ལུགས་འཛུགས་རྒྱུ། རྩིས་པའི་ལས་གཉེར་ཁང་དང་། རྒྱུ་ནོར་དཔྱད་དཔོག་ལས་ཁུངས། རྩིས་འགོད་ལས་ཚབ་ལས་ཁུངས་སོགས་མཚམས་སྦྱོར་ལས་ཁུངས་ཀྱི་ལས་གཉེར་སྤུས་ཚད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་དོན་རྩིས་གཉེར་ཐད་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ། ནོར་སྲིད་སྡེ་ཚན་གྱིས་རང་འགུལ་ངང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་ཏེ་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་རང་འགུལ་ངང་དང་ལེན་བྱས་ཐོག སྲིད་གཞུང་གི་སྔོན་རྩིས་ཞིབ་བཤེར་དང་། སྲིད་གཞུང་གི་བུ་ལོན་ལ་ལྟ་སྐུལ། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་ལྟ་སྐུལ་སོགས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱ་རྒྱུ། འབྲེལ་ཡོད་གྲོས་ཆོད་དང་ཞིབ་བཤེར་བསམ་འཆར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་ནན་ཏན་བྱེད་པ་མ་ཟད་དུས་ཐོག་ཏུ་སྙན་སེང་ཞུ་དགོས་ཤིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་དང་གྲོས་འཆར་སྒྲུབ་གཉེར་ཏན་ཏིག་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱུན་ལྡན་གྱི་འབྲེལ་གཏུག་སྤེལ་རེས་གཏིང་ཟབ་བྱེད་པ། དམིགས་ས་ཡོད་པའི་སྒོ་ནས་ནོར་སྲིད་སྔོན་རྩིས་ལས་དོན་ལེགས་བཅོས་དང་དེར་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དེ་བས་བློ་ཡིད་ཚིམ་པོ་ཡོང་བ་བྱ་རྒྱུ།
འཐུས་མི་རྣམ་པ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དམ་པ་དོན་གཉེར་དང་འབད་འབུངས་ཡར་བརྩོན་གྱིས་ནོར་སྲིད་སྒྱུར་བཅོས་གོང་འཕེལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན།
(བོད་ཀྱི་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།