ལའེ་ཅའོ་ཡིས་ལྷ་ས་གྲོང་ཁྱེར་དུ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ལྷ་ས་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཧྲོའུ་ཁོའོ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་དུ་ལའེ་ཅའོ་ཡིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་ནན་ཏན་གནང་བ་མ་ཟད། བརྟན་ལྷིང་སྲུང་སྐྱོང་གི་བདེ་སྲུང་དང་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་ཏང་སྲིད་དམག་ཉེན་དམངས་ཀྱི་མཉམ་འགོག་མཉམ་ཟོན་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་སེམས་ནུས་ཡོད་རྒུས་དུས་བདེ་སྲུང་བ་དང་བརྩེ་སེམས་བཅངས་ནས་དམངས་སེམས་དྲོ་བར་བྱས་ཏེ། བདེ་འཇགས་སྔོན་འགོག་ཚོད་འཛིན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དུ་ལའེ་ཅའོ་ཡིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་དང་འབྲེལ་ཁས་ལེན་གང་ལེགས་ཀྱང་གནང་ཞིང་། ཁོང་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ“ཁྲོམ་གཞུང་དང་། སྡེ་ཁུལ། དྲ་མིག ཐོག་ཁང་། ཏང་ཡོན་གྱི་ལྟེ་བའི་དུད་ཚང”བཅས་རིམ་ལྔའི་རྩ་འཛུགས་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་དགོས། སྡེ་ཁུལ་གྱི་ལས་དོན་པ་དང“གཉིས་ལྡན་དུད་སྦྲེལ”གྱི་ནུས་པ་འདོན་སྤེལ་བྱས་ཏེ། རང་འགུལ་ངང་ཞབས་འདེགས་ཞུ་བ་དང་འགལ་བ་སེལ་བ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་གསལ་རྟོགས་བྱེད་པ་དང་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ་བཅས་བྱས་ནས་གོང་གི་གནས་ཚུལ་གཤམ་ལ་བརྒྱུད་བསྒྲགས་དང་གཤམ་གྱི་གནས་ཚུལ་གོང་ལ་སྙན་སེང་ཞུ་བའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།
གཙུག་ལག་ཁང་དང་གྲྭ་བཞི་དགོན་སྡེ་དོ་དམ་ཨུ་ལྷན་དང་། མངགས་གཏོང་ཁང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། བདེ་འཇགས་ཞིབ་བཤེར་ས་ཚིགས་སོགས་སུ་ལའེ་ཅའོ་ཡིས་ལས་རེས་ལས་སྒྲུབ་ཀྱི་དགོན་སྡོད་ལས་བྱེད་པ་དང་མི་དམངས་ཉེན་རྟོག་པར་འཚམས་འདྲི་ཞུས་ཤིང་། ཁོང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཧུར་ཐག་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ། དགོན་སྡེ་དོ་དམ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།