དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན།

    2026ལོའི་ཟླ་2ཚེས་1ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། ཤཱ་ཁེ་ཆིན།   |     སྤེལ་དུས།  2026-03-11

    འཐུས་མི་རྣམ་པ།

    ད་ལྟ་ངས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་གི་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་དང་སྦྲགས། སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་བློ་མཐུན་རྣམ་པས་དགོངས་འཆར་འདོན་རོགས་ཞུ་གི་ཡིན།

    2025ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ།

    འདས་ཟིན་པའི་ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་པའི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན། སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་ཀྱི་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་ཀྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་ཤིང་། རང་རྟོགས་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པ། ཁྲིམས་སྐྱོང་གི་དོན་དུ་འགན་འཁུར་བ་བཅས་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པར་བརྟེན། ཞིབ་དཔྱོད་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་རིགས་འདྲ་མིན་གྱི་གྱོད་གཞི་ཁག་14125ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་2.4%འཕར་ཡོད་ཅིང་། དེའི་ནང་ཉེས་དོན་གྱི་གྱོད་གཞི་ཁག་9295དང་། དམངས་དོན་གྱི་གྱོད་གཞི་ཁག་1908 སྲིད་འཛིན་གྱི་གྱོད་གཞི་ཁག་1259 སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁག་1663བཅས་ཡོད། འགན་དབང་ལྟར་རང་འགུལ་ངང་གྱོད་གཞི་ཁག་6093ལ་ལྟ་སྐུལ་བྱས་པ་དེས་བསྡུར་ཚད་43.1%བཟུང་ཡོད། གྱོད་དཔེ་ཁག་11རྒྱལ་ཡོངས་ཀྱི་དཔེ་མཚོན་དང་ཕུལ་བྱུང་གི་གྱོད་དཔེར་བདམས་ཡོད།

    གཅིག རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་བརྟན་ལྷིང་། མི་དམངས་ཀྱི་བདེ་ལྷོད་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད།

    རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་གཙོ་རྐང་དུ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ཨང་དང་པོར་འཇོག་པའི་ཆབ་སྲིད་ཀྱི་ལས་འགན་ལག་བསྟར་ཡག་པོ་བྱས་པ་དང་། ལོ་ཧྲིལ་པོར་རིགས་འདྲ་མིན་གྱི་དོགས་ཡོད་ཉེས་ཅན་1417འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་ཅིང་། མི་3465ལ་ཞུ་གཏུག་བྱས་ཡོད། བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི་སྤུས་ཚད་དང་ལས་ཕྱོད་ཆེན་པོས་ཐག་གཅོད་བྱས་པ་དང་། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ཐིང་དང་མཉམ་དུ་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི་ཐག་གཅོད་བྱེད་པའི“1+N”ཡི་ལྷན་སྦྱར་ལམ་སྲོལ་བཟོས་པས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་དོན་ཧྲིལ་པོའི་མཉམ་ཤུགས་ཤིག་ཆགས་ཡོད། ནན་པོ་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱས་ཤིང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་། མི་བསད་གྱོད་གཞིའི་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གྱོད་དོན་ཚབས་ཆེན་གྱི་ཉེས་གསོག་ལ་ཁྲིམས་བཞིན་ཆད་པ་ནན་པོ་བཅད་ཅིང་། རྐང་བཙུགས་ནས་མི་བསད་པ་དང་འཕྲོག་བཅོམ་སོགས་བྱས་པའི་ཉེས་གསོག་པ་228འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། མི་260ཞུ་གཏུག་བྱས་ཡོད། ཆུ་ཚད་མཐོན་པོས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བར་ཞབས་འདེགས་ཧུར་ཐག་ཞུས་པ་དང་། ཕྱི་འབྲེལ་གྱི་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་ཁག་18བཟོས་ནས་རིགས་འདྲ་མིན་གྱི་ཕྱི་འབྲེལ་གྱོད་གཞི་ཁག་61ཐག་གཅོད་བྱེད་པར་མཛུབ་ཁྲིད་བྱས་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཞིབ་དཔྱོད་འགན་འཁྲི་གང་ལེགས་བསྒྲུབས་ཏེ། རིམ་ཁག་ལྟ་ཞིབ་ཨུ་ལྷན་གྱིས་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ་བའི་མི་158ལ་ཁྲིམས་བཞིན་ཞུ་གཏུག་བྱས་ཤིང་། དེའི་ནང་བསྟན་པ་དབང་ཕྱུག་དང་ཧོ་ཀྲུང་ཧྭ་སོགས་དེ་སྔའི་ས་གནས་དང་ཐིང་རིམ་པའི་ལས་བྱེད་པ་12ཞུ་གཏུག་བྱས་པ་དང་། ཞིབ་དཔྱོད་ལས་རིམ་གྱི་ནག་དངུལ་སྒོར་ཁྲི་1438.5བདའ་འདེད་བཏང་བ། ལྐོག་རྔན་སྤྲོད་ལེན་བྱེད་མཁན་མཉམ་དུ་ཞིབ་བཤེར་བྱས་ནས་ལྐོག་རྔན་སྤྲོད་མཁན་ཉེས་གསོག་པ་མི་3ཞུ་གཏུག་བྱས་ཡོད།

    ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཞབས་ཞུ་འགན་སྲུང་བྱས་པ། ཐོག་མཐའ་བར་གསུམ་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ནུས་ཆེའི་ཁྲིམས་འཛིན་ཞབས་ཞུ་དང་ནུས་ལྡན་གྱི་ཁྲིམས་སྐྱོང་འདོན་སྤྲོད་བྱས་ཡོད། ཡར་སྨད་ཆུ་གློག་ལས་གྲྭ་དང་ཁྲོན་བོད་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པར་ཞབས་ཞུ་དང་འགན་སྲུང་བྱེད་པའི་བསམ་འཆར་བཟོས་ཏེ། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་འབྲེལ་བའི་རིགས་འདྲ་མིན་གྱི་གྱོད་གཞི་ཁག་54ཁྲིམས་བཞིན་ཐག་གཅོད་བྱས་ཡོད། སྒྲིག་སྲོལ་ལས་འགལ་ཏེ་ཡུལ་གཞན་དུ་ཁྲིམས་སྒྱུར་དང་ཕན་གཉེར་རང་བཞིན་གྱི་ཁྲིམས་སྒྱུར་ཁྲིམས་འཛིན་ལ་ཆེད་དོན་ལྟ་སྐུལ་ཧུར་ཐག་བྱས་ཏེ། རང་སྐྱོང་ལྗོངས་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་ནས་སྡེ་ཚན་7དང་མཉམ་འབྲེལ་གྱིས་ཁེ་ལས་དང་འབྲེལ་བའི་ལས་ཀར་མཉམ་སྒྲུབ་གཞོགས་འདེགས་བྱེད་པར་ཤུགས་སྣོན་རྒྱག་པའི་བསམ་འཆར་བཏོན་ཐོག ཁེ་ལས་དང་འབྲེལ་བའི་ཉེས་དོན་གྱི“གྱོད་སྒྲུབ་མཚམས་འཇོག”བྱས་པའི་གྱོད་གཞི་ཁག་16གཙང་བཤེར་བྱས་པ་དང་། གཉེར་སྐྱོང་རྒྱུན་གཏན་མིན་པའི་ཁེ་ལས་211ཐོ་ཁོངས་ནས་བསུབ་རྒྱུར་ལྟ་སྐུལ་བྱས་པ། “ཁོག་སྟོང་ཀུང་སི”45གཙང་བཤེར་བྱས་པ། ཤེས་བྱའི་བདག་དབང་ལ་ཞིབ་དཔྱོད་བྱེད་པའི་ཕྱོགས་བསྡུས་འགན་སྒྲུབ་གཏིང་ཟབ་བྱས་ཏེ། ཤེས་བྱའི་བདག་དབང་ལ་གནོད་འཚེ་བཏང་བའི་ཉེས་གསོག་པ་མི་7ཞུ་གཏུག་བྱས་ཡོད། ཁ་རུབ་ཆུས་ཞིབ་དཔྱོད་ཁང་གིས་ཐོ་འགོད་ཚོང་རྟགས་ག་གེ་མོ་རྫུན་བཟོ་བྱས་པའི་རྒུན་འབྲུམ་ཨ་རག་གྱོད་གཞི་ཐག་གཅོད་བྱས་ཤིང་། དབང་ཆར་བཙན་གནོད་དང་རྫུན་བཟོའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་བཏང་ནས་དམངས་གཉེར་ཁེ་ལས་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་གཏོར་བཤིག་བཏང་བའི་ཉེས་གསོག་པ་141ཁྲིམས་བཞིན་ཞུ་གཏུག་བྱས་ནས་དྲང་གཞག་དྲང་བདེན་གྱི་ཁྲོམ་རའི་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཧྥེ་ཆེ་གེ་མོས་རྒྱལ་མཚམས་ལྐོག་བརྒལ་གྱིས་འབར་མར་བསྐྱོད་ནས་ཁ་བསླུས་རྒྱག་པ་སོགས་ཀྱི་བྱེད་སྤྱོད་ལ་དམིགས་ཏེ། ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཁ་བསླུས་རྒྱག་པ་དང་བསྙད་འདོགས་བཙན་འཕྲོག་སོགས་ཀྱི་ནག་ཉེས་གཞུང་གཏུག་བྱ་རྒྱུར་མཛུབ་ཁྲིད་བྱས་ནས་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ་བཅུ་དྲུག་དང་ཟླ་དྲུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་བཅས་ཡིན།

    མི་དམངས་མང་ཚོགས་ཉེ་འགྲམ་གྱི་བདེ་འཇགས་སྲུང་སྐྱོང་ཧུར་ཐག་བྱས་པ། མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་དམ་པོར་དམིགས་ཤིང་། བཟའ་བཅའ་དང་སྨན་རིགས་ཁྱབ་ཁོངས་ཀྱི་ཉེས་དོན་དང་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་406ཐག་གཅོད་བྱས་ནས་མི་དམངས་མང་ཚོགས་ཀྱིས་བདེ་ཐང་གི་ཟ་མ་ཟ་བ་དང་། བདེ་འཇགས་ཀྱི་སྨན་སྤྱོད་རྒྱུའི་རེ་སྒུག་བྱེད་པར་ལན་གསལ་པོ་བཏབ་ཡོད། མང་ཚོགས་ཕྱིར་སྐྱོད་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་དམིགས་ཤིང་། ཉེན་ཆེའི་འཁོར་གཏོང་དང་འགྲིམ་འགྲུལ་ལས་འཛོལ་བཟོ་བ་སོགས་ཀྱི་ཉེས་གསོག་པ་975ཞུ་གཏུག་བྱས་པ་དང་ཉེན་ཆེའི་འཁོར་གཏོང་གྱོད་གཞི་དུས་མཚུངས་ལས་5.6%ཆག་ཡོད། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་199ཐག་གཅོད་བྱས་ཏེ། ནུས་རྒྱུ་གསར་པའི་གློག་སྡོང་དང་སྦུབས་དོང་ཁེབས་གཅོད་སོགས་ཁྱབ་ཁོངས་དང་འབྲེལ་བའི་ཉེན་རྐྱེན་སྔོན་འགོག་དང་སེལ་གང་ཐུབ་བྱས་ཡོད། མང་ཚོགས་ཀྱི“དངུལ་ཁུག”བདེ་འཇགས་ལ་དམིགས་ཤིང་། རྒྱུ་ནོར་ལ་བཙན་གནོད་བཏང་བའི་སྲོལ་རྒྱུན་གྱི་ཉེས་གསོག་རིགས་དྲ་ཐོག་ཏུ་མཆེད་ཚུལ་མགྱོགས་སུ་འགྲོ་བར་དམིགས་ཏེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པ་དང་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྤྱོད་ལ་རོགས་རམ་བྱས་པ་སོགས་ཀྱི་ཉེས་གསོག་པ་84ཞུ་གཏུག་བྱས་པ་དེ་དུས་མཚུངས་ལས་34.9%ཆག་ཡོད། མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་བདེ་འཇགས་ཡོང་བར་བྱས་ཤིང་། སྨན་བཅོས་འགན་བཅོལ་གྱི་ཁ་བསླུས་བརྒྱབ་པའི་གྱོད་གཞི་ཁག་3དང་མི་11ཁྲིམས་བཞིན་ཐག་གཅོད་བྱས་པ་མ་ཟད། གྱོང་གུན་སྒོར་ཁྲི་740.3ཚུར་བླངས་ནས“སྲོག་སྐྱོབ་དངུལ”དང“ནད་བཅོས་དངུལ”མཐའ་གཅིག་ཏུ་ཡག་པོ་སྲུང་ཐུབ་པ་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་དབྱི་ཆེ་གེ་མོ་སོགས་ཀྱིས་སྨན་བཅོས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱས་པའི་གྱོད་གཞི་ཐག་གཅོད་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། དམིགས་བསལ་ཆེད་ཚན་གྱི་སྨན་བཅོས་ལས་ཚན་གྱིས་སྨན་བཅོས་རྣམ་གྲངས་རྫུན་བཟོ་དང་རྫུན་སྒྲིག་བྱས་པའི་འགན་བཅོལ་དངུལ་ཁ་བསླུས་བརྒྱབ་པའི་ཉེས་གསོག་ལ་ཁྲིམས་བཞིན་རྡུང་རྡེག་ནུས་ལྡན་བཏང་ཡོད། མི་སྒེར་གྱི་ཆ་འཕྲིན“བདེ་འཇགས་སྲུང་རགས”བརྟན་པོ་ཡོང་བར་དམིགས་ཤིང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་89ཐག་གཅོད་བྱས་ནས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཀྱི་མཐའ་ཚད་བསྲུང་རྒྱུར་རམ་འདེགས་བྱས་ཡོད། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཁོངས་གཏོགས་ཀྱི་སྒུལ་བདེའི་ཉེར་སྤྱོད་བྱ་རིམ་གྱིས་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་འཚོལ་བསྡུ་བྱས་པའི་གནད་དོན་ལ་དམིགས་ཏེ། དྲ་འཕྲིན་སྡེ་ཚན་གྱིས་ཉེར་སྤྱོད་བྱ་རིམ་6ལ་སྒྲིག་མཐུན་བཅོས་སྒྲིག་ཡོ་བསྲང་བྱེད་པར་ཁྲིམས་བཞིན་ལྟ་སྐུལ་བྱས་ཐོག གནད་གཅིག་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། གྱོད་གཞི་བྱེ་བྲག་ཐག་གཅོད་བྱེད་པའི་ཐོག་ནས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    དམིགས་བསལ་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་སྲུང་སྐྱོང་བྱས་པ། དབང་པོ་སྐྱོན་ཅན་དང་། རྒན་རྒོན། ངལ་རྩོལ་པ་སོགས་ཀྱི་གཏུག་བཤེར་ནུས་པ་ཅུང་ཞན་པའི་ཚོགས་སྤྱིར་རང་འགུལ་ངང་ཁྲིམས་འཛིན་ཞབས་ཞུ་བསྒྲུབས་ཏེ། དམངས་དོན་ལ་རྒྱབ་སྐྱོར་བྱས་པའི་གྱོད་གཞི་ཁག་485བདག་སྤྲོད་བྱས་ནས་ལས་རྨས་ཀྱི་གུན་གསབ་དང་འཚོ་སྐྱོང་གྲོན་དངུལ་སོགས་སྒོར་ཁྲི་3500ལྷག་སྤྲོད་རྒྱུར་ལྟ་སྐུལ་བྱས་ཡོད། འབྲི་རུ་རྫོང་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་བརྒྱུད་དུས་ཡུན་ལོ་9ཡི་རིང་འགྱངས་ཆད་བྱས་པའི་མང་ཚོགས་111གི་གླ་ཕོགས་སྒོར་ཁྲི་972འདེད་ལེན་བྱས་པ། རྒན་རྒོན་གྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་ཉེས་གསོག་པ་41ཞུ་གཏུག་བྱས་ཤིང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དང་། སློབ་གསོ། ལུས་གསོ་སོགས་ཀྱི་ཁེ་དབང་ཁྲིམས་བཞིན་འགན་སྲུང་བྱས་ནས་གེགས་མེད་ཁོར་ཡུག་འཛུགས་སྐྲུན་གྱི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁག་39ཐག་གཅོད་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཞིབ་དཔྱོད་ཁང་གིས་ལྷོ་ཁའི་དམིགས་བསལ་སློབ་གསོའི་སློབ་གྲྭར་གེགས་མེད་མེད་སྒྲིག་བཀོད་མི་འདང་བའི་རྐྱེན་གྱིས་དབང་པོ་སྐྱོན་ཅན་གྱི་དགེ་སློབ་འགྲོ་སྐྱོད་མི་བདེ་བ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མ་དངུལ་སྒོར་ཁྲི་124བཏང་ནས“གེགས་མེད་ལམ”བཟོས་པ་དེ་རྒྱལ་ཡོངས་ཀྱི་དཔེ་མཚོན་ལ་བདམས་ཡོད། རྒྱལ་སྲུང་གི་ཁེ་ཕན་སྲུང་མཁན་དང་། སྔོན་གཤེགས་དཔའ་བོ། དམག་མི་དང་དམག་མིའི་ཁྱིམ་མི་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་སྤྱི་ཕན་གཏུག་བཤེར་དང་འབྲེལ་བའི་གྱོད་གཞི་ཁག་15ཐག་གཅོད་བྱས་ཡོད། ནར་མ་སོན་པའི་མིར་གནོད་འཚེ་བཏང་བའི་ཉེས་གསོག་རིགས་ལ་ཐར་པར་གཏན་ནས་མི་བཏང་ཞིང་། བཙན་གཡེམ་དང་ནར་མ་སོན་པའི་མིར་གནོད་འཚེ་བཏང་བ་སོགས་ཀྱི་ཉེས་གསོག་པ་124ཞུ་གཏུག་བྱས་པ་དང་། འབྲེལ་ཡོད་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁག་71ཐག་གཅོད་བྱས་ཡོད། ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གློག་བརྙན་ཁང་གིས་ཁྲིམས་བཞིན་ནར་མ་སོན་པའི་མིའི་གློག་བརྙན་ལྟ་བའི་སྤ་སེའི་རིན་གོང་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་ཁོངས་གཏོགས་ས་ཁུལ་ཡོངས་ལ་ཁྱབ་པ་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་དང་བཅོས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། བོད་ཀྱི་ཆེད་དོན་སློབ་གྲྭ་ཐོག་མ་ཚོད་ལྟ་འཁོར་རྒྱུག་བྱ་རྒྱུར་མཐུན་སྦྱོར་སྐུལ་འདེད་བཏང་ནས་སྡེ་ཚན་ཁག་དང་ལས་རིགས་ཁག་གིས་ནར་མ་སོན་པའི་མིར་གནོད་འཚེ་གཏོང་བའི་གྱོད་གཞི་ཁག་29ལ་བཙན་འདོམས་ཀྱིས་སྙན་སེང་ཞུ་བར་ལྟ་སྐུལ་བྱས་པ། “ལས་གཡོལ་ཁྱིམ་བདག”34ལ་ལྟ་སྐྱོང་ལྟ་སྐུལ་བཀའ་རྒྱ་བཏང་བ་བཅས་ཡིན།

    དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ། འགལ་ཟླའི་ཉེན་ཁ་སེལ་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆེད་དོན་བཅོས་སྐྱོང་ལས་དོན་ཏན་ཏིག་སྤེལ་ཏེ། 12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་འབྲེལ་མཐུད་མཉམ་འགུལ་བྱེད་པར་སྐུལ་འདེད་བཏང་ཡོད། གཞི་རིམ་ཞིབ་དཔྱོད་ཁང་74ཚང་མ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་ཀྱིས་འགལ་ཟླ་ཁག་897འདུམ་འགྲིག་བྱེད་པའི་ནང་ཞུགས་པ་དང་། བཅའ་ཁྲིམས་ཀྱི་བློ་འདྲི་ཐེངས་778བྱས་ཏེ། གཞི་རིམ་བཅོས་སྐྱོང་བྱ་རྒྱུ་དེ“དོན་དག་ཐོན་རྗེས་ཐག་གཅོད་པ”ནས“འབྱུང་རྩ་ནས་འགོག་ཟོན་བྱེད་པར”འགྱུར་བར་སྐུལ་མ་བཏང་ཡོད། འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་སེལ་ཐབས་བྱེད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་སྟེ། འགོ་ཁྲིད་ལས་བྱེད་པས་སྣེ་ལེན་དང་གཤམ་ལ་བཅར་འདྲི་ཐེངས་426བྱས་པས་ཞིབ་དཔྱོད་ལས་རིམ་གྱི་ཡིག་འབུལ་ཞུ་བཅར་གྱི་སྤྱི་འབོར་དེ་དུས་མཚུངས་ལས་6%ཆག་ཡོད། “ཞུ་གཏུག་ལ་རྒྱབ་སྐྱོར་དང་། ཁྲིམས་འཛིན་གྱི་རོགས་སྐྱོབ། སྤྱི་ཚོགས་ཀྱི་རོགས་སྐྱོར”བཅས་ཟུང་འབྲེལ་གྱི་ལམ་སྲོལ་འཛུགས་སྐྱོང་གཏིང་ཟབ་བྱས་ཏེ། གྱོད་གཞིའི་དབང་གིས་དཀའ་ངལ་བཟོས་པའི་དོ་བདག་ལ་དམིགས་ནས་རང་སྐྱོང་ལྗོངས་སློབ་གསོ་ཐིང་སོགས་སྡེ་ཚན་12དང་ཁྲིམས་འཛིན་རོགས་སྐྱོབ་དང་སྤྱི་ཚོགས་རོགས་སྐྱོབ་སྦྲེལ་མཐུད་བྱེད་པའི་ལམ་སྲོལ་བཟོས་ཐོག འཚོ་བར་དཀའ་ངལ་ཡོད་པའི་དོ་བདག་250ལ་ཁྲིམས་བཞིན་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་420.1སྤྲད་ཡོད། གྲོ་མོ་རྫོང་ཞིབ་དཔྱོད་ཁང་གིས་གྲོང་གསེབ་ས་ཁུལ་གྱི་དཀའ་ངལ་ཡོད་པའི་ནར་མ་སོན་པའི་མིར་ཁྲིམས་འཛིན་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་སྐར་ཆེ་གེ་མོའི་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་ཐག་གཅོད་བྱེད་སྐབས་སྡེ་ཚན་མང་པོར་མཐུན་སྦྱོར་བྱས་ཏེ་སྣ་མང་རོགས་སྐྱོབ་ཀྱི་ཕྱོགས་བསྡུས་རོགས་སྐྱོར་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། ཞིབ་དཔྱོད་གྱོད་གཞི་ཐག་གཅོད་བྱེད་པའི་ཁྲོད་ཤེས་རྟོགས་བྱུང་བའི་ཡོངས་ཁྱབ་རང་བཞིན་དང་། ལས་རིགས་རང་བཞིན། ས་ཁོངས་རང་བཞིན་བཅས་ཀྱི་གདིང་རྩའི་གནད་དོན་ལ་དམ་པོར་དམིགས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཞིབ་དཔྱོད་གྲོས་འཆར་ཁག་220བཏོན་ཡོད། 12309མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཡང་འཛོམས་ཐད་སྦྲེལ་ཁ་པར”གྱི་གྲགས་རྟགས་རྒྱུན་མཐུད་བཏོད་དེ། ཞིབ་དཔྱོད་ཀྱིས་དམངས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་པའི་གྱོད་གཞི་ཁག་1413ཐག་གཅོད་བྱས་པ་མ་ཟད། ཐད་སྦྲེལ་ཁ་པར་འདི་རྒྱལ་ཡོངས་ལས་གནས་ཀྱིས་ལེ་ཧྥུང་ལ་སློབ་སྦྱོང་ཞུ་བའི་དཔེ་མཚོན་མཉམ་སྡེབ་ལ་བདམས་པ་བཅས་ཡིན།

    གཉིས། ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ཟབ་ཏུ་བཏང་ནས་ཁྲིམས་བཞིན་འགན་སྒྲུབ་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་རམ་འདེགས་བྱས་པ།

    འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྱུར་ཁྲིམས་འཛིན་འགན་སྲུང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ། ཡང་དག་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དེ་ཞིབ་དཔྱོད་དང་འགན་སྒྲུབ་གྱོད་སྒྲུབ་ཀྱི་ཕྱོགས་གང་ཐད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་སྲུང་སྐྱོང་བྱས་ཡོད། ཉེས་དོན་ཞིབ་དཔྱོད་ལས་དོན་མཛུབ་ཁྲིད་ཚོགས་ཆུང་གིས་ལས་ཀའི་ལམ་སྲོལ་ཞིབ་ཚགས་བཟོས་ཏེ། ཉེས་དོན་ཞིབ་དཔྱོད་ཀྱི་བཅའ་ཁྲིམས་ལྟ་སྐུལ་དོན་གནད་ཁག་གྱོད་གཞི་ལྟར་ཐག་གཅོད་བྱེད་པའི་ལས་དོན་སྤེལ་ནས་གདིང་རྩ་དང་ངོ་བོའི་རང་བཞིན་གྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ལ་ཁྲིམས་བཞིན་ལྟ་སྐུལ་བྱས་ཡོད། གྱོད་གཞིའི་སྤུས་ཚད་ཀྱི་ཚད་གཞི་དོན་འཁྱོལ་ནན་པོ་བྱས་ཏེ། ཞུ་གཏུག་བྱེད་པ་དང་ཞུ་གཏུག་མི་བྱེད་པའི་གྱོད་གཞི་ཁག་2317ལ་དཔྱད་བཤེར་བྱས་ནས་ས་གནས་ཁག་ལ་ཁྲིམས་བཞིན་དང་། གནད་འཁེལ། ཚད་ལྡན་བཅས་ཀྱི་སྒོ་ནས་ཞུ་གཏུག་མི་བྱེད་པའི་དབང་ཆ་སྤྱོད་རྒྱུར་ཁྲིད་སྟོན་བྱས་ཡོད། ནག་ཉེས་དང་ཆད་གཅོད་ངོས་ལེན་བྱེད་པར་གུ་ཡངས་གཏོང་བའི་ལམ་ལུགས་ཁྲིམས་བཞིན་ཚད་ལྡན་བཀོལ་སྤྱོད་བྱས་ཏེ། ཉེས་གསོག་དོགས་ཅན་89.4%ཡིས་ཞིབ་དཔྱོད་ལས་རིམ་དུ་ནག་ཉེས་དང་ཆད་གཅོད་ངོས་ལེན་བྱས་ཤིང་། ཞིབ་གཅོད་དང་པོའི་ཁྲིམས་བཅད་དང་ལེན་བྱེད་ཚད་97%ཟིན་ཡོད། བྱས་ཉེས་ཚད་འབེབས་ཀྱི་གྲོས་འཆར་འདོན་པའི་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ། ཞུ་གཏུག་དུས་མཚམས་སུ་བཏོན་པའི་བྱས་ཉེས་ཚད་འབེབས་ཀྱི་གྲོས་འཆར་ལ་ཁྲིམས་ཁང་གིས་དང་ལེན་བྱེད་ཚད་98.3%ཟིན་ཡོད། ཁྲིམས་འཛིན་ལས་དོན་མི་སྣས་འགན་དབང་སྤྱད་དེ་ཉེར་ཕྱོགས་ཁྲིམས་འགལ་དང་ཚ་འདྲི་བྱས་ནས་ངོས་ལེན་ཞུ་རུ་འཇུག་པ་སོགས་ཀྱི་ཉེས་གསོག་པ་6ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲིམས་འཛིན་རུལ་སུངས་ལ་ཉེས་ཆད་དྲག་པོ་གཅོད་པ་ལས་ལྷོད་གཡེང་གཏན་ནས་བཏང་མེད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་སྣེ་ཁྲིད་དེ་མྱུལ་ཞིབ་ཐག་གཅོད་བྱས་པའི་ཧན་ཆེ་གེ་མོས་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་འགེབས་སྲུང་རྒྱ་ཡན་དུ་བཏང་བའི་གྱོད་གཞི་དེ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གྱོད་དཔེར་བདམས་ཡོད།

    གཏུག་བཤེར་ལ་ལྟ་སྐུལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ། ཉེས་དོན་གྱོད་ཁོངས་སུ་འཇུག་པ་དང་མྱུལ་ཞིབ་བྱེད་པའི་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྟ་སྐུལ་བྱས་ནས་གྱོད་ཁོངས་སུ་བཅུག་པ་དང་ཕྱིར་འཐེན་བྱས་པའི་གྱོད་གཞི་ཁག་42དང་། འཛིན་བཟུང་དང་ཞུ་གཏུག་བྱ་རྒྱུར་ལུས་པའི་མི་31ཡོ་བསྲང་བྱས་པ། མྱུལ་ཞིབ་བྱེད་སྒོའི་ཐད་ཀྱི་ཁྲིམས་འགལ་གནས་ཚུལ་ལ་ཡིག་ཐོག་གི་ཡོ་བསྲང་བསམ་འཆར་ཁག་423བཏོན་པ། མྱུལ་ཞིབ་ལས་རིམ་གྱི་ཉེས་དོན་གྱི“གྱོད་སྒྲུབ་མཚམས་འཇོག”བྱས་པའི་གྱོད་གཞི་ཁག་540གཙང་བཤེར་བྱས་པ་བཅས་ལ་བརྟེན་ནས་མྱུལ་ཞིབ་ལྟ་སྐུལ་དང་རོགས་ལས་གཞོགས་འདེགས་ལམ་སྲོལ་སྔར་བས་ཚགས་ཚུད་དུ་བཏང་ཡོད། ཉེས་དོན་ཞིབ་གཅོད་བྱེད་སྒོའི་ཁྲིམས་འགལ་གནས་ཚུལ་ཐད་ལ་ཡོ་བསྲང་བསམ་འཆར་ཁག་19བཏོན་པ་དང་ལེན་བྱེད་ཚད་94.7%ཟིན་ཡོད། དམངས་དོན་ཞིབ་དཔྱོད་ལྟ་སྐུལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རིགས་འདྲ་མིན་གྱི་དམངས་དོན་ཞིབ་དཔྱོད་ལྟ་སྐུལ་གྱི་གྱོད་གཞི་ཁག་1908ཐག་གཅོད་མཐའ་འདོམས་བྱས་པ་དང་། ཞིབ་གཅོད་བསྐྱར་མ་བྱ་རྒྱུའི་ཞིབ་དཔྱོད་གྲོས་འཆར་དང་རྒོལ་གཏུག་ཁག་33བཏོན་ཡོད། གཏུག་བཤེར་རྫུན་མའི་ཆེད་དོན་ལྟ་སྐུལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གཏུག་བཤེར་རྫུན་མའི་གྱོད་གཞི་ཁག་17ཁྲིམས་བཞིན་ཡོ་བསྲང་བྱས་ཡོད། སྲིད་འཛིན་གཏུག་བཤེར་གྱི་ལྟ་སྐུལ་འགན་འཁྲི་སྒྲུབ་པའི་ཁྲོད་སྲིད་འཛིན་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ལྟ་སྐུལ་བྱས་ཏེ། ཞིབ་དཔྱོད་གྲོས་འཆར་ཁག་2བཏོན་ཡོད། དངོས་གནས་ནོར་འཁྲུལ་འདུག་སྙམ་པའི་སྲིད་འཛིན་གྱི་ནུས་ཐོན་ཁྲིམས་གཅོད་ལ་རྒོལ་གཏུག་ཁག་2བྱས་ཡོད། སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་ལྡོག་འབྲེལ་ཡོང་བར་སྐུལ་འདེད་བཏང་སྟེ། སྲིད་འཛིན་ལས་ཁུངས་ཀྱིས་ཞུ་གཏུག་མི་བྱེད་པའི་མི་453ལ་སྲིད་འཛིན་ཆད་གཅོད་བྱེད་པར་སྐུལ་མ་བཏང་ནས“‘ཉེས་དོན་འགན་འཁྲི’མ་འཁུར་ཡང‘སྲིད་འཛིན་འགན་འཁྲི’ངེས་པར་འཁུར་དགོས་པའི”འགན་ལེན་བྱས་པ་བཅས་ཡིན།

    ལག་བསྟར་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ། ཉེས་དོན་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “བཅའ་སྡོད་དང་། སྐོར་སྐྱོད། ཚན་རྩལ”བཅས་ཟུང་འབྲེལ་གྱི་ལྟ་སྐུལ་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ། ཁྲིམས་ཆད་ཡང་དུ་གཏོང་བ་དང་། དངོས་མིན་བཙོན་འགྲོལ། གནས་སྐབས་བཙོན་ཁང་ཕྱིར་ཁྲིམས་ཆད་འཁུར་དུ་འཇུག་པ་བཅས་འོས་འཚམ་མ་བྱུང་བའི་མི་165ལ་ཡོ་བསྲང་བྱེད་དགོས་པའི་བསམ་འཆར་བཏོན་ཡོད། གཞིས་རྩེའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་ཟླ་ཆེ་གེ་མོས་ཆུ་ནང་དུ་ལྷུང་བའི་མང་ཚོགས་བསྐྱབས་ནས་བདེན་པའི་རྒྱབ་ལངས་བྱས་པར་ཁྲིམས་བཞིན་ལྟ་སྐུལ་བྱས་ཏེ་ཉེས་ཆད་ཡང་དུ་བཏང་ཁར་ངན་འདོམས་བཟང་སྤེལ་བྱེད་ལུགས་གང་ལེགས་མངོན་པར་བྱས་ཡོད། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་བཙན་ཉར་ལས་སྐུལ་གྱི་ཉེས་ཅན“ཁྱིམ་དུ་ལོག་དབང”གི་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་ཐག་གཅོད་བྱས་པ་དེས་ཉེས་ཁྲིམས་ཀྱི་དོན་ཚན་43པའི“བེད་སྤྱོད་ཆེས་ཉུང་བའི་དོན་ཚན”བཀོལ་སྤྱོད་ཐུབ་པ་བྱུང་ཞིང་། ཁྲིམས་བཞིན་ཁྲིམས་ཆད་ལག་བསྟར་བྱེད་པར་ཤུགས་ཚད་ལྡན་ལ་མི་ཆོས་ཀྱི་གཟིགས་སྐྱོང་ཡང་མངོན་པར་བྱས་ཡོད། དམངས་དོན་དང་འབྲེལ་བའི་ཐེངས་འདིའི་ལག་བསྟར་ལས་རིམ་ལ་མཐའ་འདོམས་ལྟ་སྐུལ་བྱེད་པའི་བྱེད་སྒོ་སྤེལ་ཏེ། གྱོད་གཞི་ཁག་8024ལ“ཐེངས་འདིའི་ལས་རིམ་ལྟ་སྐུལ”ལག་བསྟར་བྱས་པའི་གྱོད་ཡིག་སྐོང་འཐེན་གྱི་ཞིབ་བཤེར་བྱས་པ་དང་། ཞིབ་དཔྱོད་ཀྱི་གྲོས་འཆར་ཁག་154བཏོན་ནས་ཁྲིམས་སྒྱུར་ཁྲིམས་འགལ་གྱི་གནད་དོན་ཡོ་བསྲང་བྱེད་པར་ཁྲིམས་བཞིན་སྐུལ་འདེད་བཏང་ཡོད། སྲིད་འཛིན་ལག་བསྟར་བྱེད་སྒོའི(ཞུ་གཏུག་མིན་པའི་ལག་བསྟར་ཚུད)ཁྲིམས་འགལ་གནས་ཚུལ་ལ་ཞིབ་དཔྱོད་གྲོས་འཆར་ཁག་15བཏོན་ཡོད། ངན་སེམས་བཅངས་ནས་བུ་ལོན་ལས་གཡོལ་ཐབས་བྱེད་པ་དང་དཔྱད་མཚམས་དང་བཀའ་བཅད་ལག་བསྟར་གཏན་ནས་མི་བྱེད་པ་སོགས་ཀྱི་བྱེད་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་མི་49ཡི་ཉེས་དོན་འགན་འཁྲི་ཁྲིམས་བཞིན་བདའ་འདེད་གཏོང་བར་སྐུལ་འདེད་བཏང་བ་བཅས་ཡིན།

    རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་རྒྱུན་མཐུད་སྲུང་སྐྱོབ་བྱས་པ། “སྤྱི་པའི་ཁེ་ཕན་གྱི་འཐུས་ཚབ”ཀྱི་བླ་ན་མེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁག་1663ཐག་གཅོད་བྱས་ཡོད། ཞིབ་གཅོད་མ་བྱས་གོང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་དོ་སྣང་བྱས་ཏེ། སྲིད་འཛིན་ལས་ཁུངས་ལ་ཞིབ་དཔྱོད་གྲོས་འཆར་ཁག་583བཏོན་པ་དེ་དང་ལེན་བྱེད་ཚད་94.2%ཟིན་ཡོད། “གཏུག་བཤེར་བྱེད་ཆོག་པའི་རང་བཞིན”ལ་དམིགས་ཏེ། “གཏུག་བཤེར་གཏན་འཁེལ”གྱི་སྤྱི་ཕན་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་ནས་ཁྲིམས་ཁང་ལ་སྤྱི་ཕན་གཏུག་བཤེར་ཁག་28བྱས་པ་ཚང་མར་ཁྲིམས་ཁང་གིས་ཁྲིམས་གཅོད་བྱ་རྒྱུའི་རྒྱབ་སྐྱོར་ཐོབ་ཡོད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཞིབ་དཔྱོད་ཁང་གིས་ཝང་ཆེ་གེ་མོས་ཁྲིམས་འགལ་ངང་ཞིང་སྤྱོད་ས་ཆ་བཟུང་སྤྱོད་བྱས་པའི་གནད་དོན་ལ་རྗེས་སྙེགས་ལྟ་སྐུལ་བྱས་ཤིང་། ཁྲིམས་བཞིན་སྲིད་འཛིན་སྤྱི་ཕན་གཏུག་བཤེར་བྱས་པ་དང་། གཏུག་བཤེར་བྱེད་རིང་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ཧུར་ཐག་བསྒྲུབས་ནས་བཅོས་སྒྲིག་བྱས་ཡོད། རིག་དངོས་དང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིབ་དཔྱོད་ཀྱི་གྲོས་འཆར་ཁག་24བཏོན་པ་དང་། རིམ་ཁག་རིག་དངོས་དོ་དམ་སོགས་སྡེ་ཚན་དང་མཉམ་དུ་ཁྲིམས་སྐྱོང་ལ་བརྟེན་ནས་རིག་དངོས་རིག་གནས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་ཡོད། རུ་ཐོག་རྫོང་ཞིབ་དཔྱོད་ཁང་གིས་སྲོལ་རྒྱུན་གྱི་དམངས་ཁྲོད་ཞབས་བྲོ“གཞས་པ་གཞས་མའི”ཤུལ་འཛིན་མཁན་དང་རྒྱུན་འཛིན་པ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། རྒྱུན་འཛིན་འགྲོ་གྲོན་སྒོར་ཁྲི་135དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་འོས་སྦྱོར་བྱས་པའི་མང་ཚོགས་4ས་ཁུལ་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་ཡོད། གཞུང་ཁོངས་རྒྱུ་ནོར་སྲུང་སྐྱོབ་བྱེད་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་66ཐག་གཅོད་བྱས་ནས་གཞུང་ཁོངས་རྒྱུ་ནོར་གྱི་གྱོང་གུན་སྒོར་ཁྲི་5546.9ཚུར་ལེན་བྱས་པ་བཅས་ཡིན།

    གསུམ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པར་ཁྲིམས་ལྟར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱས་པ།

    ཕྱོགས་བསྡུས་འགན་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་ཞིབ་དཔྱོད་སྲུང་བཅད་བརྟན་དུ་བཏང་བ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དགོས་མཁོ་གནད་སྨིན་སྦྲེལ་མཐུད་བྱས་ཏེ་སྤུས་ཕྱོད་གཉིས་ལྡན་གྱི་སྒོ་ནས་འགན་འཁྲི་མུ་མཐུད་བསྒྲུབས་ཐོག ཆུ་ཚད་མཐོན་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱས་པས། འབྲེལ་ཡོད་གྱོད་གཞི་673བསྒྲུབས་ཡོད། སྐྱེ་ཁམས་ཁོར་ཡུག་ཞིབ་དཔྱོད་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་སྲོལ་བཟོས་པ་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཀྱི་གྱོད་གཞི་གྱོད་ཞིབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། “ཞིབ་དཔྱོད་ཆེན་པོ་བཞི”ཡི་ཕྱོགས་བསྡུས་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་བཏང་ཡོད། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ཞིང་། སྟོངས་ཉེའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བ་དང་། ནགས་ཤིང་ལྐོག་ཏུའམ་གང་བྱུང་དུ་བཅད་པ། ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱས་པ་སོགས་ཁོར་ཡུག་ཐོན་ཁུངས་གཏོར་བརླག་གཏོང་བའི་གྱོད་གཞི་60ལ་གཞུང་གཏུག་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་གུན་གསབ་དང་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་འབྲེལ་མཐུད་རིམ་ལྡན་ཡོང་བར་ཤུགས་སྣོན་བརྒྱབ་ནས། ཉེས་དོན་ཞོར་འབྲེལ་གྱི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་27བཏོན་ཡོད། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ལྟ་སྐུལ་བྱས་ཏེ། ཞིབ་དཔྱོད་བསམ་འཆར་བཏོན་ནས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་གཏོང་མཁན་མི་25ལ་སྲིད་འཛིན་གྱི་ཆད་པ་བཅད་ཡོད། སྐྱེ་ཁམས་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཟབ་སྤེལ་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་ཀྱི“ཚེ་སྲོག་གཅིག་མཐུན་ཚོགས་པ”ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཏེ། སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི་554བསྒྲུབས་པ་དང་། ཞིབ་དཔྱོད་གྲོས་འགོ་194བཟོ་འགྲེམས་བྱས་པས། ཞིབ་དཔྱོད་ཀྱི་འགན་སྒྲུབ་ལ་བརྟེན་ནས་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་ཐེབས་པ་བཅས་ཡིན།

    མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་སྐྱེ་ཁམས་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་པ། ཞིབ་དཔྱོད་ཞབས་ཞུའི་ཐད་སྦྲེལ་ཁ་པར་12309ཤར་གཏོང་ཐུབ་ཡོད་པ་དང་། “སྤྱི་དོན་ཕན་སེམས”ལས་སྟེགས་ཀྱི་དང་བླངས་པ་1433གདན་ཞུ་བྱས་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་གྲོས་འགོ་དང་སྤྱི་ཕན་གཏུག་བཤེར་ཁུངས་སྣེའི་བརྗེ་སྒྱུར་ལམ་སྲོལ་བཟོས་ཏེ། མང་ཚོགས་ཀྱིས་བཏོན་པའི་ཁུངས་སྣེ་92བསྡུ་ལེན་བྱས་ཡོད། གྱོད་ཞིབ་བྱེད་རིང་མང་ཚོགས་གདན་ཞུ་བྱས་ནས་སྤྱི་ཕན་ཟུར་ཉན་ཐེངས་148བྱས་ཡོད། གྱོད་ཞིབ་བྱས་འབྲས་ལ་མང་ཚོགས་བློ་ཡིད་ཚིམ་ཐུབ་པར་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་ལྟ་སྐུལ་པ་སོགས་དག་ཐེར་ཡོ་བསྲང་ལ་ཚོད་སྐོར་བྱེད་པར་གདན་འདྲེན་ཞུས་ཤིང་། གྱོད་ཞིབ་བྱས་འབྲས་ལ་ལྟ་སྐུལ་བྱེད་གྲངས་24ཟིན་ཡོད། “ཨེ་ཤ་ཡའི་ཆུ་སྤེ”སྲུང་སྐྱོབ་ཀྱི་ཆེད་དོན་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་སྦགས་བཙོག་ཐེབས་པའི་ཆུ་འགོ་རྒྱ་ཁྱོན་མུའུ་5.7བཅོས་སྒྲིག་སླར་གསོ་དང་གཙང་སེལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུར་དམ་པོར་དམིགས་ཏེ་ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་སྤོ་བོ་རྫོང་ཞིབ་དཔྱོད་ཁང་གིས་གྲེ་སེར་སྲེག་པ་དང་། ཁ་ལ་རྒྱབ་དཀར། ར་སྤྲེལ་སོགས་སྲོག་ཆགས་གནོད་འཚེ་ཕོག་ཚུལ་ལ་ཁྲིམས་ལྟར་ལྟ་སྐུལ་བྱས་ཡོད། མེ་ཏོག་རྫོང་ཞིབ་དཔྱོད་ཁང་གིས་ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་ཀྱི་ནང་འཛུལ་གནོད་སྐྱེལ་ལ་སྔོན་འགོག་ནུས་ལྡན་བྱས་པ་དང་། འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱིས་རྩྭ་ལན་ཙི་སྨི་ངོས་གྲུ་1300ལྷག་ཙམ་དང་རྐང་5000ལྷག་ཙམ་གཙང་བཤེར་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་བཅས་ཡིན།

    ཁྱོན་ཡོངས་ཀྱི་ལྟ་བ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་བཏང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལམ་སྲོལ་མུ་མཐུད་འཐུས་ཚང་བཟོ་རྒྱུར་སྐུལ་འདེད་བཏང་ནས། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིར་ཁྲིམས་ལྟར་ཞབས་ཞུ་སྒྲུབ་པ་དང་འགན་ལེན་བྱེད་པའི་བསམ་འཆར་བཏོན་ཡོད། “གཙང་མཚེའུ་ནགས་གསུམ་གྱི་དཔོན་པོ་+ཞིབ་དཔྱོད་ཀྲང་+ཉེན་རྟོག་དཔོན”གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱས་ནས། གཙང་མཚེའུ་ནགས་གསུམ་ལ་སྐོར་གཡེང་ཐེངས་460ལྷག་ཙམ་བྱས་པ་དང་། སྦགས་བཙོག་བཟོས་པ་དང་ཁྲིམས་འགལ་བདག་བཟུང་བྱས་པའི་ཆུ་ལམ་སྤྱི་ལེ་2.3དང་འཚོ་བའི་གད་སྙིགས་སྣ་ཚོགས་ཏུན་3075གཙང་སེལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཆུ་ལམ་ནས་ཁྲིམས་འགལ་གྱིས་བྱེ་མ་སྔོག་འདོན་བྱས་པར་ཆུ་བེད་དང་སྤྱི་བདེ་མཉམ་དུ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཏེ། ཁྲིམས་འགལ་གྱིས་བྱེ་མ་སྔོག་འདོན་རིགས་31ཞིབ་བཤེར་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས། ཁྲིམས་འགལ་གྱི་བྱེ་རྡོ་ཏུན་ཁྲི་8.3དང་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་362.8གཞུང་བཞེས་བཏང་ཡོད། མཐུན་སྦྱོར་མཉམ་བཅོས་རྒྱུན་མཐུད་གཏིང་ཟབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་དང་ནགས་རྩྭ་སོགས་ཀྱི་སྡེ་ཚན་དུ་སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ལམ་སྲོལ་དང་སྲིད་འཛིན་ཁྲིམས་སྒྱུར་དང་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་སྦྲེལ་མཐུད་ལམ་སྲོལ་ཁག་4བཟོས་ཡོད། སྐྱེ་ཁམས་ཁོར་ཡུག་སོགས་སྡེ་ཚན་དང་མཉམ་དུ་ཁྲིམས་འགལ་གྱི་སྲ་གཟུགས་སྙིགས་རོ་གཙང་བཟོ་བྱ་རྒྱུའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཐོན་སྐྱེད་རིགས་ཀྱི་སྲ་གཟུགས་སྙིགས་རོ་ཏུན་4414ཚུར་བསྡུ་དང་གཙང་སེལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཉེན་ཡོད་སྙིགས་རོས་ཁོར་ཡུག་སྦགས་བཙོག་བཟོ་བའི་ཁྲིམས་འགལ་ཉེས་གསོག་དང་སྦགས་བཙོག་འབྱུང་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་མི་བདེན་རྫུན་སྒྲིག་བྱས་པའི་ཁྲིམས་འགལ་ཉེས་གསོག་ལ་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་རྡུང་རྡེག་བཏང་བའི་ལས་ཀར་སྐྱེ་ཁམས་ཁོར་ཡུག་པུའུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་ཡོད་པ་བཅས་ཡིན།

    བཞི། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བྱང་ཚད་མཐོ་བའི་ཞིབ་དཔྱོད་དཔུང་ཁག་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་རམ་འདེགས་བྱས་པ།

    བློ་རྩ་བརྟན་པོས་ཏང་གི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པ། དར་ཆ་གསལ་སྟོན་གྱིས་ཏང་གི་ཆབ་སྲིད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཨང་དང་པོར་བཞག་ནས། ཆབ་སྲིད་རེས་སྐོར་སྦྱོང་བརྡར་ནང་མི་ཐེངས་2900ལྷག་ཙམ་འདེམས་མངག་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། “གཏན་འཁེལ་གཉིས”ལ་བརྩི་བཀུར་དང་བློ་རྩ་བརྟན་པོས“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་རང་མདངས་མུ་མཐུད་གསལ་པོ་ཡོང་བ་བྱས་ཡོད། “གྲོས་གཞི་ཨང་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུར་ཁྲིམས་ལྟར་ཞབས་ཞུ་བསྒྲུབ་རྒྱུ་དང་འགན་སྲུང་བྱ་རྒྱུའི“བསམ་འཆར་16”གཏན་འབེབས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ཞིབ་དཔྱོད་ཀྱི་ལས་དོན་ལེགས་སྒྲུབ་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་ཐུབ་ཡོད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་གལ་ཆེའི་དོན་ཚན་གྱི་དགོངས་སྐོར་སྙན་སེང་ཐེངས་གྲངས་81ཞུས་ཡོད་པ་བཅས་ཡིན།

    ཁྱོན་ཡོངས་ནས་ཞིབ་དཔྱོད་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ། ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་དང་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཞུས་ཏེ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་གཞོགས་འདེགས་ཀྱིས་སྒྲིག་འགལ་ཁྲིམས་འགལ་གྱི་ཞིབ་དཔྱོད་མི་སྣ་6གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་ནས། སློབ་སྦྱོང་དང་། ཞིབ་བཤེར། སྒྱུར་བཅོས་བཅས་སྡེབ་གཅིག་ལ་སྐུལ་འདེད་བཏང་སྟེ། 《〈ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བསྲི་ཚགས་དང་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་སྲོལ་ཡིག〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》སོགས་ལམ་ལུགས་དང་ལམ་སྲོལ་ཁག་9གཏན་འབེབས་བྱས་པས། ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་རྒྱུན་ལྡན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་རྒྱུར་ཆེད་དོན་ལྟ་ཞིབ་བྱས་ཏེ། ཁྲིམས་འཛིན་འགན་འཁྲིའི་གཏོགས་ཁོངས་དང་། ངོས་འཛིན། བདའ་འདེད་བཅས་ཀྱི་ལམ་སྲོལ་འཐུས་ཚང་བཟོས་ཡོད། ཁྲིམས་འཛིན་ཐེ་གཏོགས་ལ་སྔོན་འགོག་བྱེད་པའི“གཏན་འབེབས་གསུམ”རྒྱུན་མཐུད་དོན་འཁྱོལ་བྱས་ནས་སྙན་ཞུ་405ཟིན་འགོད་བྱས་ཡོད་པ་བཅས་ཡིན།

    ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། དུས་རབས་གསར་པའི་བོད་ཀྱི་ཞིབ་དཔྱོད་ཀྱི་དམག་ཧྲག་ཅིག་བཟོ་རྒྱུའི་བླང་བྱར་ལྟ་བསྡུར་བྱས་ཏེ། ཞིབ་དཔྱོད་དཔུང་ཁག་གི་ཆབ་སྲིད་ཀྱི་བྱང་ཚད་དང་། ལས་སྒོའི་བྱང་ཚད། ལས་རིགས་ཀྱི་ཀུན་སྤྱོད་བྱང་ཚད་བཅས་འཛུགས་སྐྱོང་ལ་གཞི་གཅིག་ཏུ་སྐུལ་སྤེལ་བཏང་ནས། ཆེད་ལས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་མཐུན་སྦྱོར་དོ་དམ་གྱི་འགན་འཁྲི་ལག་བསྟར་བྱས་ནས་གྲོང་ཁྱེར་དང་རྫོང་ཞིབ་དཔྱོད་ཁང་གི་ཚན་པའི་ཁོངས་མི་18དྲག་འདེམས་ཧྲག་སྒྲིག་བྱས་ཏེ། ཏང་ཙུའི་ཧྲུའུ་ཅི་གཞོན་པ་བསྐོ་སྒྲིག་དང་ཚན་པའི་ཁོངས་མིའི་ལས་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བས་འགོ་ཁྲིད་ཚན་པའི་གྲུབ་ཆ་སྔར་བས་ལེགས་སྒྱུར་བྱུང་ཡོད། རིམ་གསུམ་ཁང་གི་ཤེས་ལྡན་མི་སྣ་ནང་འདྲེན་དང་གཞུང་ཞབས་པ་བསྡུ་ལེན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ཞིབ་དཔྱོད་མི་སྣ་རིགས་འདྲ་མིན་43ཁ་གསབ་བྱས་ཡོད། ལས་བྱེད་པའི་བྱང་ཚད་མཐོར་གཏོང་ལས་གཞི་ལག་ལེན་བསྟར་ནས་ལས་བྱེད་ཉེན་རྟོག་པ་མི་ཐེངས་800ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། “སློབ་སྦྱོང་འཆད་ཁྲིད”ལ་མི་ཐེངས་948ཞུགས་ཡོད། དུས་ཁག་དང་པོའི་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་སྒོའི་རིགས་གཅིག་མཁས་ཅན་5དཔྱད་འདེམས་བྱས་ཡོད། གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། སྒྲིག་གྲངས་དེ་གཞི་རིམ་གྱི་འཐབ་ས་དང་པོར་ཕྱོགས་ཏེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུད་ཞིབ་དཔྱོད་ཁང་གི་གསར་སྤེལ་ཁུལ་བཅའ་སྡོད་ཞིབ་དཔྱོད་གཞུང་དོན་ཁང་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། ཞིབ་དཔྱོད་བྱ་རྒྱུར་མུ་མཐུད་རོགས་སྐྱོར་ཡག་པོ་ཐོབ་པ་བྱས་ནས། “བོད་སྐྱོར་ཤེས་ལྡན་མི་སྣ་དང་ས་མཐོའི་རྐང་འཛིན་ཟུང་དུ་འབྲེལ་བའི”རྣམ་པ་བཏོད་ཐོག གཞི་རིམ་ཞིབ་དཔྱོད་ཁང་ལ“གཅིག་འཐུས་རྣམ་པའི”རོགས་ཁྲིད་གཏིང་ཟབ་བྱས་ཏེ། གཞི་རིམ་གྱི་ལས་བྱེད་ཉེན་རྟོག་པའི་འགན་འཁྲི་སྒྲུབ་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ཞིབ་དཔྱོད་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་ཞིབ་དཔྱོད་ཁང་མང་པོའི་རིག་གནས་གྲགས་རྟགས་དང་ཏང་འཛུགས་སྐྱོང་ལས་སྒོ་མཉམ་འདྲེས་ཀྱི་དཔེ་མཚོན་དེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཕུལ་བྱུང་གྲགས་རྟགས་དང་དཔེ་མཚོན་ལ་བདམས་ཡོད། ཕུལ་བྱུང་གྱོད་ཞིབ་ཚོགས་པ་14དང་། ཕུལ་བྱུང་གྱོད་ཞིབ་ཞིབ་དཔྱོད་དཔོན་12 ཞིབ་དཔྱོད་མི་སྣ་28ཀྱི་སྔོན་ཐོན་བྱས་རྗེས་བརྡ་ཁྱབ་ཐོག་ནས་གཟེངས་བསྟོད་བྱས་པས། དམ་པ་དོན་གཉེར་དང་ཐེག་པ་ཁུར་ལེན་བྱེད་པ་དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་སྐྱོད་བཞིན་པའི་ཞིབ་དཔྱོད་མི་སྣས་འགན་འཁྲི་སྒྲུབ་པའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཏུ་གྱུར་ཡོད་པ་བཅས་ཡིན།

    སྤུས་ཕྱོད་གཉིས་ལྡན་གྱི་གྱོད་ཞིབ་ལམ་ལུགས་ལམ་སྲོལ་ཟབ་སྤེལ་དང་འཐུས་སྒོ་ཚང་དུ་བཏང་བ། ཞིབ་དཔྱོད་ཀྱི“དོ་དམ་ཆེན་པོ”ཡི་རྣམ་པ་གཏོད་རྒྱུར་སྐུལ་འདེད་བཏང་ཐོག “དོ་དམ་གསུམ”གཞི་གཅིག་ཏུ་དམ་འཛིན་ཏན་ཏིག་བྱས་ནས་སྤུས་ཕྱོད་གཉིས་ལྡན་གྱི་གྱོད་ཞིབ་་ལག་བསྟར་བྱ་རྒྱུའི་བསམ་འཆར་བཟོ་འདོན་བྱས་པས། སྤུས་ཚད་ཚོད་སྐོར་ཞིབ་བཤེར་གྱོད་གཞིའི་གྲངས་2368སྒྲིག་འཛུགས་བྱས་ཡོད། རིམ་ཁག་ཞིབ་དཔྱོད་ཁང་གིས་སྣེ་ཁྲིད་དེ་གྱོད་གཞིའི་གྲངས་4533གྱོད་ཞིབ་བྱས་པ་དང་། ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་མིའི་ཐེངས་གྲངས་122ཟུར་ཞུགས་བྱས་ཡོད། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་མུ་མཐུད་གཏིང་ཟབ་བྱས་པ་དང་། འགན་སྒྲུབ་ཀྱི་དབང་ཆ་དང་འགན་འཁྲིའི་གསལ་ཐོ་ཞིབ་ཕྲ་དང་འཐུས་ཚང་བཟོས་པ། ཉེས་དོན་འཛིན་བཟུང་གི་མཆན་སྤྲོད་མི་བྱེད་ཅིང་ཞུ་གཏུག་མི་བྱེད་པ་དང་དམངས་དོན་སྲིད་འཛིན་ལྟ་སྐུལ་བྱེད་པ་སོགས་གཙོ་གནད་ལྷུ་ཚིགས་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་ཡོད། སྤུས་ཕྱོད་གཉིས་ལྡན་གྱི་སྒོ་ནས་གྱོད་གཞི་རེ་རེའི་ཚད་ལྡན་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་སྟེ། 《ཞིབ་དཔྱོད་ཀྱིས་གྱོད་ཞིབ་བྱེད་རིང“དམིགས་སར་འཁེལ་བ་བདུན”ཧུར་ཐག་བསྒྲུབས་ཏེ། སྤུས་ཕྱོད་གཉིས་ལྡན་གྱི་སྒོ་ནས་གྱོད་གཞི་རེ་རེ་བཞིན་ཐག་གཅོད་ཡག་པོ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས། སྤུས་ཕྱོད་གཉིས་ལྡན་གྱིས་གྱོད་ཞིབ་བྱ་རྒྱུར་གཞི་འཛིན་ས་དང་། ཚད་གཞི། གདེང་འཇོག་བཅས་མཁོ་འདོན་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་ལ་མཛུབ་ཁྲིད་བྱས་པའི་ཚེ་ཆེ་གེ་མོ་ཀ་པ་དང་ཚེ་ཆེ་གེ་མོ་ཁ་པའི་འཕྲོག་བཅོམ་གྱོད་གཞིའི་ཐག་གཅོད་ལ་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི“ཕུལ་བྱུང་གཞུང་གཏུག་ཁང”དུ་བདམས་ཐོན་བྱུང་ཡོད་པ་བཅས་ཡིན།

    འཐུས་མི་རྣམ་པ། ང་ཚོས་ཐོག་མཐའ་བར་གསུམ་དུ་ལྟ་སྐུལ་བྱེད་མཁན་གྱི་ངོས་ནས་དེ་བས་ཀྱང་ལྟ་སྐུལ་དང་ལེན་ཞུ་དགོས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཞིབ་དཔྱོད་ཀྱི་དབང་ཆ་ཁྲིམས་ལྟར་ཡང་དག་སྤྱོད་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལག་བསྟར་གཏིང་ཟབ་བྱས་ནས། རིམ་མཚུངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ལ་ལས་དོན་སྙན་ཞུ་ཐེངས་184ཕུལ་ཡོད་ཅིང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་སོགས་ཞིབ་དཔྱོད་ལས་དོན་ལ་གཟིགས་ཞིབ་གནང་བར་གདན་འདྲེན་ཞུས་ནས། ཞིབ་དཔྱོད་ཀྱི་བྱེད་སྒོར་ཐེ་ཞུགས་བྱེད་མཁན་མིའི་ཐེངས་གྲངས་899ཟིན་ཡོད་ཁར། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་འགོ་དང་གྲོས་གཞི་ཁག་233གཉེར་སྒྲུབ་བྱས་ཡོད། ཞིབ་བཤེར་འཛིན་བཟུང་དང་། ཞུ་གཏུག་བྱེད་རྩིས་མེད་པ། ཡིག་འབུལ་ཞུ་བཅར་གྱི་དག་སེལ་སོགས་ལ་རྩོད་གཞི་དང་ཤུགས་རྐྱེན་ངན་པ་ལྡན་པའི་གྱོད་གཞི་461ལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། རིགས་གཅིག་མཁས་དབང་སོགས་མི་1579གཟུ་ཉན་བྱ་རྒྱུར་གདན་འདྲེན་ཞུས་ཡོད། མི་དམངས་ལྟ་སྐུལ་པ་གདན་འདྲེན་ཞུས་ནས་ཞིབ་དཔྱོད་ཀྱིས་གྱོད་ཞིབ་བྱེད་པའི་གྱོད་གཞི་ཁག་295ལ་ལྟ་སྐུལ་བྱས་ནས། དྲང་བདེན་དྲང་གཞག་ཚོར་ཐུབ་པ་དང་། རེག་ཐུབ་པ། མཐོང་ཐུབ་པ་བཅས་བྱུང་ཡོད། ལྷ་ས་དང་གཞིས་རྩེའི་ཞིབ་དཔྱོད་ལས་ཁུངས་ཀྱི་མི་དམངས་ལྟ་སྐུལ་པའི་ལས་དོན་ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཁྲིམས་འཛིན་པུའུ་ཡིས་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་ཡོད་པ་བཅས་ཡིན།

    འཐུས་མི་རྣམ་པ། ལོ་གཅིག་རིང་བོད་ལྗོངས་ཞིབ་དཔྱོད་ལས་དོན་གྱིས“དོན་ཆེན་བཞིར”སྤུས་ཕྱོད་གཉིས་ལྡན་གྱི་སྒོ་ནས་ཞབས་ཞུ་སྒྲུབ་པའི“མྱུར་བགྲོད་ལམ་བུའི”ཐོག་བསྐྱོད་ཡོད། དེའི་འབྱུང་རྩ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སྒོ་ནས་མཛུབ་ཁྲིད་གནང་བ་ལས་བྱུང་བ་ཞིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་པའི་དབུ་ཁྲིད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་ལྟ་སྐུལ། སྲིད་གཞུང་གིས་ཤུགས་ཆེའི་རྒྱབ་སྐྱོར། སྲིད་གྲོས་ཀྱིས་དམངས་གཙོ་ལྟ་སྐུལ་བཅས་གནང་བ་ལས་བྱུང་བ་ཞིག་དང་། འཐུས་མི་དང་ཨུ་ཡོན་རྣམ་པ། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་དང་རོགས་རམ་གནང་བ་ལས་ཐོབ་པའི་འབྲས་བུ་ཞིག་ཡིན་པས། ངས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་དེ་ཏང་དང་མི་དམངས་ཀྱི་བླང་བྱ་དང་དེའི་རེ་སྒུག་གསར་པ་དང་བསྡུར་ན་ད་དུང་ཧེ་བག་ཕྲན་ཙམ་ལྡན་ཡོད་པ་ང་ཚོར་ངོས་འཛིན་གསལ་པོ་བྱུང་བ་སྟེ། གཅིག་ནི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ལ་མུ་མཐུད་ཤུགས་རྒྱག་དགོས་ཡོད་པ་དང་། གཉིས་ནི་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་དམིགས་ས་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས་ཡོད་པ། གསུམ་ནི་གཞན་ལ་ལྟ་སྐུལ་བྱེད་ཕོད་པ་དང་ལྟ་སྐུལ་བྱེད་མཁས་པ། རང་སོ་སོར་ལྟ་སྐུལ་བྱེད་ཕོད་པ་བཅས་ཀྱི་ལྷུ་ཚིགས་ལ་ཞན་ཆ་ཆེན་པོ་ཡོད་པ། བཞི་ནི་ཞིབ་དཔྱོད་དཔུང་ཁག་གི་སྤྱི་ཡོངས་བྱང་ཚད་དང་ནུས་པ་གང་མགྱོགས་མཐོ་རུ་གཏོང་དགོས་འདུག་པ་བཅས་ཡིན། ང་ཚོས་ལྷག་བསྡད་པའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་བྱ་རྒྱུ་ཡིན།

    2026ལོའི་ལས་ཀའི་བཀོད་སྒྲིག

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་པའི་ལོ་ཡིན། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་པོ་བྱེད་པ། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་ལས་དོན་ཚོགས་འདུ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས། བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་ཏེ། ཆབ་སྲིད་ལ་དམིགས་པ་དང་ཁྲིམས་སྐྱོང་ཐད་ཤུགས་བརྒྱབ་ཐོག ཏང་ཀྲུང་དབྱང་གི“ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི”བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ལྟ་སྐུལ་བྱེད་ཕོད་པ་དང་བྱེད་མཁས་པ། རང་སོ་སོར་ལྟ་སྐུལ་བྱེད་ཕོད་པ་བཅས་མཐའ་འཁྱོངས་བྱེད་པ། སྤུས་ཕྱོད་གཉིས་ལྡན་གྱི་སྒོ་ནས་གྱོད་གཞི་ཐ་དག་ཡག་པོ་བསྒྲུབས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་བོད་ལྗོངས་ཀྱི་ཞིབ་དཔྱོད་ལག་ལེན་དངོས་ཀྱི་ཐོག་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུ།

    དང་པོ། ཆབ་སྲིད་ཀྱི་ལྷག་བསམ་བརྟན་པོ་བཅངས་ནས། ཐོག་མཐའ་བར་གསུམ་དུ་ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱས་ནས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་རུ་སྣེ་ཁྲིད་དེ་སྤུས་ལེགས་འཛུགས་སྐྱོང་གི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློ་དང་། འདུན་པ། བྱ་སྤྱོད་བཅས་གཅིག་གྱུར་ཏན་ཏིག་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་རྒྱུར་འགོ་ཁྲིད་བྱེད་པའི་སྲོལ་ཡིག》དང《ཁྲིམས་སྐྱོང་ཀྲུང་གོའི་འཛུགས་སྐྲུན་འཆར་འགོད(2026-2030ལོ་བར)》ལག་བསྟར་གཏིང་ཟབ་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི“རྒྱུན་འཁྱོངས་བཅུ་གཉིས”ལ་སྔར་བས་རང་རྟོགས་ཀྱིས་བརྟེན་ཏེ་ཞིབ་དཔྱོད་ལས་དོན་ལ་ལྟ་བསྡུར་ཞིབ་ལྟ་བྱས་ཐོག ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་བཞི་པས་བོད་ལྗོངས་ལ་བཏོན་པའི་ལན་སྤྲོད་བསམ་འཆར་གྱི་གནད་དོན་དག་ཐེར་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། སྐོར་གཟིགས་དག་ཐེར་བཅོས་སྒྲིག་ཀྱི་ཞིབ་དཔྱོད་ལྷུ་ཚིགས་ཀྱི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་མཁན་དང་སྲུང་སྐྱོབ་བྱེད་མཁན་ཡག་པོ་ཞིག་བྱེད་དགོས་པ་བཅས་ཡིན།

    གཉིས་པ། ལྟེ་བའི་ལས་དོན་ལ་དམིགས་ནས་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགན་སྲུང་ཐུབ་རྒྱུར་ཞབས་ཞུ་སྒྲུབ་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཞིབ་དཔྱོད་ལས་ཀ་དང་ཏང་གི་ལྟེ་བའི་ལས་འགན་ཟུང་འབྲེལ་བྱེད་ས་བཙལ་འཚོལ་གནད་འཁེལ་བྱས་ནས། “དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་སྔར་བས་ཞབས་ཞུ་སྒྲུབ་པ་དང་འགན་སྲུང་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། གནད་ཚབས་ཆེ་བ་དང་མང་ཚོགས་ཀྱིས་དོ་ཁུར་ཆེ་བའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་ནས་འགལ་ཟླ་དང་རྩོད་གཞི་མི་ཐོན་པ་དང་སེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ས་མཐོའི་ཁྱད་ལྡན་ཐོན་ལས་དང་གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་ཞུ་བསྒྲུབ་རྒྱུར་དམིགས་པ་དང་། ཤེས་རིག་བདག་དབང་གི་ཞིབ་དཔྱོད་ཕྱོགས་བསྡུས་ཀྱི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ལ་དམ་པོར་དམིགས་པ་བཅས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་ཞབས་ཞུ་སྒྲུབ་དགོས། “ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་སྐྱོང”བྱེད་པའི་ཆེད་དོན་བྱ་སྤྱོད་ལེགས་གྲུབ་བྱུང་བའི་ཉམས་མྱོང་མུ་མཐུད་སྲ་བརྟན་དུ་བཏང་ནས། རྒན་འཁོགས་དང་། བུད་མེད། དབང་པོ་སྐྱོན་ཅན་སོགས་ཆེད་དམིགས་རིགས་གྲས་ཀྱི་ཁེ་དབང་འགན་སྲུང་དང་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་ཉེས་གསོག་བཅོས་སྒྲིག་བྱས་ཏེ། ཞིབ་དཔྱོད་ཀྱི་བྱེད་ཐབས་དངོས་སྔར་ལས་མང་བ་བཏོན་ཐོག མི་དམངས་མང་ཚོགས་ཀྱིས་མྱོང་ཐུབ་པ་དང་། ཉམས་ལེན་ཐུབ་པ། ཕན་འབྲས་དངོས་ཐོབ་ཐུབ་པ་བཅས་ཀྱི་ཞིབ་དཔྱོད་ཀྱིས་དམངས་ཀྱི་ཆེད་དུ་བྱ་བ་མུ་མཐུད་ཏན་ཏིག་སྒྲུབ་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཉམ་དུ་ཡག་པོ་བྱེད་དགོས་པ་བཅས་ཡིན།

    གསུམ་པ། རང་འཁྲིའི་ལས་འགན་མཐའ་འཁྱོངས་བྱས་ནས་བཅའ་ཁྲིམས་ལྟ་སྐུལ་གྱི་སྤུས་འབྲས་རྒྱུན་མཐུད་ལེགས་གཉེར་བྱེད་དགོས། ཉེས་དོན་དང་། དམངས་དོན། སྲིད་འཛིན་ཞིབ་དཔྱོད་ཀྱི་གཞི་རྩའི་འགན་ནུས་འཛུགས་སྐྱོང་བྱ་རྒྱུར་ཤུགས་བརྒྱབ་སྟེ། ལྟ་སྐུལ་ཁྲིམས་སྒྱུར་དང་ཁྲིམས་འཛིན་གྱི་མངོན་ཆེའི་གནད་དོན་ཐག་གཅོད་གཏིང་ཟབ་བྱས་ནས། “གཞུང་བཤེར་མཉམ་འགུལ”གྱི་ལས་ཀའི་ལམ་སྲོལ་ནང་རང་འགུལ་ངང་ཞུགས་ཏེ། ཁྲིམས་སྒྱུར་ཁྲིམས་འཛིན་དེ་ཁྲིམས་ལྟར་དྲང་གཞག་སྲུང་དགོས། འཛིན་བཟུང་ཞིབ་བཤེར་དང་ཞུ་གཏུག་ཞིབ་བཤེར་ཀྱི་ལས་ཀར་ཤུགས་བརྒྱབ་ནས། མྱུལ་ཞིབ་ལྟ་སྐུལ་དང་རོགས་ལས་གཞོགས་འདེགས་ལམ་སྲོལ་ཟབ་གཏོང་དང་འཐུས་སྒོ་ཚང་དུ་གཏོང་དགོས། གཏུག་བཤེར་གྱི་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཉེས་དོན་འདྲི་གཅོད་དང་། གཏུག་བཤེར་རྫུན་མ། སྲིད་འཛིན་ཁྲིམས་འགལ་བྱ་སྤྱོད་སོགས་ཀྱི་གནད་དོན་གཙོ་གནད་དུ་དམིགས་ཏེ་ལྟ་སྐུལ་བྱས་ཐོག སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་ཕྱོགས་གཉིས་འབྲེལ་མཐུད་གཏིང་ཟབ་བྱེད་དགོས། དམངས་དོན་དང་སྲིད་འཛིན་ལག་བསྟར་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཁྲིམས་ལྟར་ལྟ་སྐུལ་བྱས་ནས་ཉེས་ཆད་ལག་བསྟར་དང་ལྟ་སྡོམ་ཁྲིམས་སྒྱུར་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། ཉེས་དོན་གྱི“གྱོད་སྒྲུབ་མཚམས་འཇོག”དང“ཁྲིམས་འགལ་གྱི‘སྒོ་རྒྱ་ཐེལ་གནོན་དང་། བཙན་ཉར། བསྡམས་བཅད’”“དམངས་དོན་ལག་བསྟར་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཐེངས་འདིའི་ལས་རིམ་ལྟ་སྐུལ”སོགས་ཀྱི་གནད་དོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་ལྟར་དོ་ནན་དང་ངེས་གཏན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞིབ་དཔྱོད་ཀྱི་མྱུལ་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་བཟོ་དགོས། ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ཟབ་གཏོང་བྱས་ནས། གཞུང་ཁོངས་རྒྱུ་ནོར་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་པ་དང་། རྩྭ་ཐང་ཞན་འགྱུར་དང་། ས་ཞིང་བྱེ་འགྱུར། དེ་བཞིན་བེད་མེད་གཏེར་རི་ཉམས་གསོ་བཅོས་སྒྲིག་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་ཁྲིམས་འཛིན་ལྟར་སྲུང་སྐྱོབ་བྱ་རྒྱུར་རྒྱུན་མཐུད་ནས་ཤུགས་སྣོན་རྒྱག་དགོས་པ་བཅས་ཡིན།

    བཞི་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཕྱོད་གཉིས་ལྡན་གྱི་གྱོད་ཞིབ་བྱང་ཚད་དང་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། སྤུས་ཕྱོད་གཉིས་ལྡན་གྱི་སྒོ་ནས་གྱོད་ཞིབ་ཀྱི་ལམ་ལུགས་ལམ་སྲོལ་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ། “མ་ལག་ལྔ”དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས། ཞིབ་དཔྱོད་ཀྱི་ལས་སྒོ་གཉེར་སྒྲུབ་ཀྱི་ངོ་བོ་ནུས་ལྡན་མཐོ་རུ་དང་འབོར་ཚད་ལུགས་མཐུན་མང་དུ་འགྲོ་རྒྱུར་ཤུགས་རྒྱག་དགོས་པ་དང་། ཞིབ་དཔྱོད་སློབ་གསོའི་གསོ་སྦྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཞིབ་དཔྱོད་མི་སྣས་འགན་སྒྲུབ་གྱོད་ཞིབ་ཀྱིས“དོན་ཆེན་བཞི”ལ་ཞབས་ཞུ་སྒྲུབ་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞི་རིམ་ལ་དམ་པོར་དམིགས་པའི་ཁྲིད་ཕྱོགས་ཁ་གསལ་དང་བརྟན་པོ་བཟོས་ཏེ། ཞིབ་དཔྱོད་ཀྱི་ནུས་པ་སྔར་ལས་མང་བ་གཞི་རིམ་གྱི་འཐབ་ས་དང་པོར་ཕྱོགས་ནས། ཞིབ་དཔྱོད་གཏོགས་ཁོངས་ཀྱི་སྒྲིག་གྲངས་དང་གཏན་འཁེལ་མི་གྲངས་ས་ཁུལ་བརྒལ་ནས་གཅིག་གྱུར་སྤྱད་འཐུས་ཀྱི་ལས་དོན་ཏན་ཏིག་སྤེལ་ཏེ་འགྱུར་ལྡན་དོ་དམ་བྱེད་དགོས། གཞི་རིམ་ཞིབ་དཔྱོད་མི་སྣའི་ཆབ་སྲིད་ཀྱི་བྱང་ཚད་དང་། ལས་སྒོའི་འཇོན་ནུས། ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་བཅས་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞི”ཡི་ཆབ་སྲིད་ཀྱི་བླང་བྱ་མཐའ་འཁྱོངས་བྱས་ནས། ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རང་ངོས་ནས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུའི་ལས་ཀར་ཤུགས་བརྒྱབ་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པ་དང་། ཁྲིམས་འཛིན་ཐེ་གཏོགས་ལ་སྔོན་འགོག་བྱེད་པའི“གཏན་འབེབས་གསུམ”ལག་བསྟར་ནན་པོ་བྱས་ནས། ལྷག་བསམ་རྣམ་དག་དང་། སྤྱོད་ལམ་དྭངས་གཙང་། འགན་འཁྲི་འཁུར་ལེན་བཅས་ལྡན་པའི་དུས་རབས་གསར་པའི་ས་མཐོའི་ཞིབ་དཔྱོད་ཀྱི་དམག་ཧྲག་ཅིག་འཛུགས་གཏོད་ཧུར་ཐག་བྱེད་དགོས་པ་བཅས་ཡིན།

    འཐུས་མི་རྣམ་པ། ལོ་གསར་པའི་ནང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་པའི་དབུ་ཁྲིད་འོག མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་སྔར་བས་རང་རྟོགས་ཀྱི་སྒོ་ནས་དང་ལེན་ཞུས་ཏེ། འགན་འཁུར་ཕོད་པ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།